བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་བྱས་པ་དེར་ངོས་ལེན་མེད་ཅེས་གསུངས་སོང་།

དེ་རིང་གྲོས་ཚོགས་ལས་ཉིན་གསུམ་པའི་ཚོགས་ཐུན་དང་པོའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་འཛམ་གླིང་ཐོག་གྲགས་ཆེ་བའི་དུས་བབ་(Times)ཅེས་པའི་དབྱིན་ཡིག་གི་དུས་དེབ་སྟེང་འཚོ་གནས་བ་(The Survivor)ཞེས་པའི་ཁ་བྱང་འོག དུས་དེབ་ཀྱི་མདུན་ཤོག་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཞག་ཡོད་པ་མ་ཟད།  ལོ་ངོ་ ༦༠ རིང་༧གོང་ས་ཏཱ་ལའི་བླ་མ་ནི་ནང་བསྟན་ཆོས་ལུགས་ཀྱི་མཚོན་དོན་ཡིན་ཡང་། རྒྱ་ནག་གིས་གནས་བབ་དེ་བསྒྱུར་འདོད་ཡོད་པ་རེད་ཅེས་པའི་ཆེད་རྩོམ་རིང་པོ་ཞིག་སྤེལ་ཡོད་པ་དེའི་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དུས་རྒྱུན་ནང་འཁྲུག་དང་རྙོག་ཟིང་ནང་ཡོད་སྐོར་བྲིས་པ་དེ་བདེན་པ་མིན་ལ། འགྲེལ་བརྗོད་བྱེད་སྟངས་དེས་བོད་མིར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡོང་སྲིད་པས་ངོས་ལེན་མེད་སྐོར་སོགས་གསུངས་སོང་།དེ་ཡང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཉེ་སྔོན་གསུམ་བཅུ་དུས་དྲན་སྐབས་དུས་བབ་དུས་དེབ་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་། བོད་དང་འབྲེལ་བའི་གནས་ཚུལ་ཞིག་ཐོན་ཡོད་པ་དང་། སྤྱིར་བཏང་སྐུའི་མཛད་འཕྲིན་དང་བོད་ཀྱི་བདེན་དོན་ཁྱབ་བསྒྲགས་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད་ཀྱང་། དེའི་ནང་བཙན་བྱོལ་གཞུང་ནང་ཁུལ་ལ་ག་དུས་ཡིན་ན་ཡང་ནང་འཁྲུག་བརྒྱབས་པ་དང་། རྙོག་དྲ་ཡོད་སྐོར་བཀོད་ཡོད་པ་དེར་བློ་ཕམ་ཡོད་ལ། གསར་ཁང་དེའི་གསར་འགོད་པས་ཁུངས་གང་ལ་གཞི་བཅོལ་ནས་ཆེད་རྩོམ་དེ་བྲིས་ཡོད་མེད་བཀའ་འདྲི་ཞུས་པར་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས། དུས་བབ་དུས་དེབ་ཀྱི་རྩོམ་དེར་བསྡོམས་ཤིག་བརྒྱབ་པ་ཡིན་ན། ཏོག་ཙམ་བློ་ཕམ་ལྟ་བུ་ཞིག་ཡོང་གི་འདུག དེའི་ནང་བཙན་བྱོལ་སྒྲིག་འཛུགས་སྐོར་ནས་ནང་འཁྲུག་འབྱུང་གི་ཡོད་སྐོར་བརྗོད་པ་དེར། བཀུར་འོས་སྤྱི་འཐུས་ཀྱིས་མོས་མཐུན་མེད་གསུངས་པ་དེ་དགོངས་ཚུལ་རང་རེད། དུས་བབ་དུས་དེབ་དེ་སྙན་གྲགས་ཆེན་པོ་ཞེ་དྲགས་རེད། དེ་རིང་གྲོས་ཚོགས་ར་བ་འདིའི་ནང་འདིར་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་བཞག་རྗེས་མོས་མཐུན་མེད་ཟེར་ནས་བཞག་པ་ཡིན་ན་ཡང་། དུས་བབ་དུས་དེབ་ཀྱི་ཁྱབ་ཚད་དང་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཀྱི་ཁྱབ་ཚད་ལ་ས་དང་གནམ་གྱི་ཁྱད་པར་ཡོད་པས། ཕྱི་ནས་བསྡོམས་ཤིག་བརྒྱབ་དུས། ནང་འཁྲུག་བརྒྱབ་སྡོད་མཁན་ཞིག་དང་། རྙོག་གླེང་ནང་ཚུད་བསྡད་པའི་བཙན་བྱོལ་གཞུང་ཞེས་བཀོད་འདུག གསར་འགོད་པ་དེས་གང་བྱུང་དེ་ལྟར་བཀོད་ཡོད་པ་མ་རེད། བོད་པ་ནང་ཁུལ་རང་ལ་སྐད་ཆ་དྲིས་ནས་བཀོད་པ་རེད། དེར་བརྟེན། མཐའ་མ་དེར་དུས་བབ་དུས་དེབ་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ཐོག་ལ་བསྡོམས་བརྒྱབས་མེད་པར་བཙན་བྱོལ་གཞུང་གི་ཐོག་ལ་བསྡོམས་བརྒྱབས་ཡོད་པ་རེད། ཅེས་གསུངས་སོང་།ཡང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། གསར་འགོད་པ་དེར་གོ་སྒྲིག་བྱེད་མཁན་སུ་ཡིན་མིན་དང་།  སྲིད་སྐྱོང་མཆོག་ལ་མཇལ་ཡོད་མེད། དྲིལ་བསྒྲགས་ལས་ཁུངས་ལ་འབྲེལ་བ་ཞུས་ཡོད་མེད། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་ཆེད་རྩོམ་དེར་ལན་འདེབས་གསལ་བཤད་དགོས་པ་ཞིག་གཟིགས་ཀྱི་ཡོད་མེད་བཀའ་འདྲི་ཞུས་པ་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། དུས་བབ་དུས་དེབ་ཀྱི་གསར་འགོད་པ་དེ་སྲིད་སྐྱོང་ལ་ཐུག་འཕྲད་བྱེད་དུ་རྩ་བ་ནས་བསླེབས་མེད་པ་དང་། དེ་གོ་སྒྲིག་ཞུ་མཁན་སུ་ཡིན་མིན་ཞུ་དགོས་ཀྱི་མི་འདུག ཅེས་དང་། སུས་གྲ་སྒྲིག་བྱས་ཡོད་ན་ཡང་བློ་ཕམ་ཡོད་པ་དང་། སླད་ཕྱིན་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བཙན་བྱོལ་སྒྲིག་འཛུགས་སྐོར་འབྲི་མཁན་ཡོད་ན་སྲིད་སྐྱོང་ལ་ཐུག་འཕྲད་བྱེད་དུ་གཏང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དུས་བབ་དུས་དེབ་ཀྱིས་ང་ཚོར་འགྲེལ་བཤད་བྱེད་པའི་གོ་སྐབས་མ་གནང་བ་དེར་བློ་ཕམ་ཡོད། ཅེས་དང་། རྩོམ་ཡིག་དེ་ཀློག་ཡོང་དུས་ལན་བརྒྱབ་དགོས་བྱུང་ན་ལན་རིང་པོ་ཞིག་བརྒྱབ་དགོས་ཀྱི་ཡོད་པ་དང་། ད་ལྟ་ལན་འདེབས་བྱེད་དགོས་མིན་ཐེ་ཚོམ་སྒང་ཡོད་སྐོར་བཀའ་ལན་གནང་སོང་།

ཆེད་རྩོམ་དེའི་ནང་གཙོ་བོ་༧གོང་ས་མཆོག་གི་འདས་པའི་ལོ་ངོ་ ༦༠ རིང་གི་མཛད་འཕྲིན་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སློབ་གསོའི་གནས་སྟངས་སོགས་ཀྱི་སྐོར་འབྲེལ་ཡོད་ལ་བཅར་འདྲི་བྱས་ཡོད་འདུག ཆེད་རྩོམ་དེའི་ནང་བོད་ལ་ད་དུང་ཡང་དབུས་བོད་མིའི་སྒྲིག་འཛུགས་ཟེར་བའི་བཙན་བྱོལ་གྱི་གཞུང་ཞིག་ཡོད་ཀྱང་དུས་རྒྱུན་ནང་འཁྲུག་དང་རྙོག་ཟིང་གིས་ཁེངས་ཡོད། བཙན་བྱོལ་བ་རྣམས་ཀྱིས་རང་གི་མདུན་ལམ་སྙེག་བཞིན་ཡོད། ཅེས་བཀོད་འདུག

དུས་བབ་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨེ་ཌི་ཝཌ་ཧྥེལ་སེན་ཐལ་(Edward Felsenthal) གྱིས་༧གོང་ས་མཆོག་གི་གསུང་རྣམས་ད་དུང་གྲགས་དགོས་དོན་གང་རེད། ཅེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཡན་ལག་ཁང་གི་ཤར་ཨེ་ཤ་ཡའི་ཆེད་བསྐོས་གསར་འགོད་པ་ཅར་ལི་ཁེམ་བྷེལ་(Charlie Campbell)བོད་མིའི་ཆོས་ལུགས་དབུ་འཁྲིད་མཆོག་ལ་བཀའ་མོལ་ཞུ་ཆེད། རྒྱ་གར་ཧི་མ་ལ་ཡའི་བརྒྱུད་དུ་ཆགས་པའི་དྷ་རམ་ས་ལར་བསྐྱོད་ཡོད་པ་རེད། ཅེས་དང་། ཅར་ལིའི་ལྷན་དུ་པར་པ་རུ་ཝན་ཨ་ཧྥ་ཎ་ཌོར་(Ruven Afanador) ཡང་བསྐྱོད་ཡོད་སྐོར་བརྗོད་འདུག་ལ།  གསར་འགོད་པ་ཅར་ལི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇར་བཅར་ཞུས་རྗེས་ཁོང་གིས། ༧གོང་ས་མཆོག་ནི་ལྷད་མེད་བྱམས་བརྩེ་དང་། སྤྲོ་སྣང་ལྡན་པའི་སྐྱེ་བོ་ཞིག་ཡིན་སྐོར་དང་། ཁོང་གིས་རྒྱ་ནག་དང་། བོད་དེ་སྣང་མེད་ཏུ་གཏོང་མཁན་གྱི་ཨ་རི་དང་དབྱིན་ཇི་ལ་ཡང་ཞེ་སྡང་གི་རྣམ་པ་ཙམ་ཡང་སྟོན་གྱི་མེད་སྐོར་སོགས་གསུངས་འདུག

དུས་བབ་ཅེས་པའི་དུས་དེབ་དེ་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་གྲགས་ཆེ་བའི་དུས་དེབ་ཅིག་ཡིན་པ་དང་། དུས་དེབ་དེ་ཕྱི་ལོ་ ༡༩༢༣ ལོ་ནས་བཟུང་མགོ་འཛུགས་ཀྱིས་ད་བར་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་མི་སྣ་དང་གནད་དོན་སྐོར་ལ་ཆེད་རྩོམ་ཧ་ཅང་མང་པོ་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་དུས་དེབ་དེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་འདུག ཀློག་པ་པོ་རྣམས་ཀྱིས་ཆེས་དོ་སྣང་བྱེད་ས་ནི་དུས་དེབ་དེའི་མདུན་ཤོག་གི་མི་སྣ་དེ་ཡིན་པ་དང་། ད་བར་དུས་དེབ་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་རྩོམ་ཡིག་རིང་ཐུང་མང་པོ་སྤེལ་ཡོད་པ་མ་ཟད། ཐེངས་གསུམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མདུན་ཤོག་སྟེང་ཆེད་འགོད་བྱས་འདུགཐོག་མར་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༠ ཉིན་གྱི་འདོན་ཐེངས་ཀྱི་མདུན་ཤོག་སྟེང་༧གོང་ས་མཆོག་གི་སྐུ་པར་བཀོད་པ་དང་འབྲེལ། བྲོས་བྱོལ་གྱིས་དམར་པོ་གཡོ་འཁྱོམ་བཏང་(The escape that rocked the reds)ཞེས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་རྒྱ་མི་ལས་བྱོལ་བ། (The Dalai Lama Escapes from the Chinese) ཞེས་པའི་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་སྐོར་རྩོམ་ཡིག་སྤེལ་ཡོད་འདུག  ཡང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ ཉིན་གྱི་འདོན་ཐེངས་ནང་། སྐུ་མདུན་གྱི་སྐུ་པར་དང་ལྷན་དུ་༧གོང་ས་ཏཱ་ལའི་བླ་མའི་འགྲུལ་བཞུད་(The Dalai Lama’s Journey) ཅེས་པའི་ཆེད་བརྗོད་རྩོམ་ཡིག་ཅིག་བཀོད་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱི་འདས་པའི་ལོ་ངོ་ ༤༩ རིང་གི་སྐུ་ཚེའི་མྱོང་བ་དང་། ཁོང་གི་ཞི་བདེ་དང་འཚེ་བ་མེད་པའི་ཐབས་ལམ་དང་ལམ་སྟོན་གྱིས་བོད་མི་རྣམས་ལ་རང་དབང་བསྐྱར་གསོ་ཡོང་ཐབས་སྐོར་ལ་དགེ་འདུན་པ་ཞིག་གི་འཐབ་རྩོད་(A monk’s Struggle) ཞེས་པའི་རྩོམ་ཡིག་རིང་པོ་ཞིག་ཀྱང་སྤེལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༢༡

Leave a Reply