བོད་ཀྱི་ཆུ་འཐུང་མཁན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་འབྲེལ་ལམ་འཛུགས་པར་འབད་བརྩོན་བྱེད་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་ཞུ་བཞིན་ཡོད་ཀྱང་བླ་མ་གཅིག་ལ་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་གི་ཡོད་སྐོར་གསུངས་པ་དེ་རང་གི་ཐོག་འགྲོ་བསྡད་ཡོད་སྐོར་གསུངས་སོང་། དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༣ པར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་གློག་འཕྲིན་ནང་ནད་འབུ་ཁྱབ་སྤེལ་བཏང་བའི་སྐོར་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱི་ནང་བོད་དོན་སྐོར་ལ་གང་བྱུང་བཤད་མཁན་ཡོང་བཞིན་ཡོད་པའི་ཐད་ཡིད་གཟབ་དགོས་པ། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་གཉིས་ཀྱི་གནད་དོན་སྒེར་ངོས་ནས་འགྲིག་འཇགས་ཡོང་ཐབས་གནང་ན་དགེ་ཕན་ཆེ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཚོགས་ནང་བོད་མིའི་སྒྲིག་འཛུགས་ལ་ཟུར་ཉན་གྱི་རྐུབ་བཀྱག་ཐོབ་ཐབས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་བརྒྱུད་ནས་བོད་དོན་རྒྱལ་ཚོགས་ནང་སླེབ་པར་ཤུགས་སྣོན་དགོས་གལ་ཆེ་བ། དེ་བཞིན་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་མང་པོ་སྤེལ་བཞིན་ཡོད་པ་དེ་མུ་མཐུད་དགོས་མིན་སོགས་ཀྱི་ཐོག་དོགས་འདྲི་དང་དགོངས་ཚུལ་མང་པོ་གསུངས་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་ཁག་ཅིག་ནས་ཉེ་སྔོན་ཕྱི་ཟླ་ ༡ ནང་བོད་དོན་རྒྱབ་སྐྱོར་བ་ཚོའི་གློག་འཕྲིན་ནང་ནད་འབུ་ཁྱབ་སྤེལ་གྱིས་གནས་ཚུལ་ལེན་ཐབས་བྱས་པ་སོགས་ཀྱི་ཐད་ཕྱི་དྲིལ་ལས་ཁུངས་ངོས་ནས་ཞིབ་འཇུག་དང་། སྲུང་སྐྱོབ་ཆེད་གྲ་སྒྲིག་ག་འདྲ་ཡོད་མེད་སོགས་དྲིས་པར་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས།  བོད་དོན་རྒྱབ་སྐྱོར་བ་ཚོར་གློག་འཕྲིན་བརྒྱུད་ནས་ནད་འབུ་བཏང་བ་དེ་དངོས་ཡོད་གནས་ཚུལ་ཡིན་པ་དང་། ང་ཚོས་ངོས་ནས་ཞིབ་འཇུག་བྱས་ཡོང་དུས་བོད་དོན་རྒྱབ་སྐྱོར་བ་ཚོས་གློག་འཕྲིན་ཁ་བྱང་རྐུན་མ་བརྒྱབས་ཏེ། གཙོ་བོ་བོད་དོན་རྒྱབ་སྐྱོར་བ་ཚོས་ལག་ནས་གནས་ཚུལ་ལེན་ཐབས་དང་གློག་ཀླད་ཁག་ལ་ནད་འབུ་ཁྱབ་སྤེལ་གྱིས་འཕྲོ་བརླག་གཏོང་ཐབས་བྱས་ཡོད་པ་དང་། ཕྱོགས་གཅིག་ནས་གནད་དོན་དེ་ཛ་དྲག་པོ་ཆགས་ཡོད་ཀྱང་ངོས་གཞན་ཞིག་ནས་གནད་དོན་དེ་ནམ་རྒྱུན་ཡོང་བསྡད་པ་ཞིག་ཡིན་པ་དང་། ཁ་སང་སྤྱི་འཐུས་གྲོས་ཚོགས་ཀྱི་ངོ་དེབ་ཐད་གཏོང་འགྲོ་བཞིན་པའི་སྐབས་ལ་བརྙན་ངོས་ལ་དབྱིན་ཡིག་གང་བྱུང་བཏང་བ་སོགས་གྲོས་ཚོགས་ཚོགས་བསྡད་ཡོད་པའི་སྐབས་ལའང་རྒྱ་ནག་གཞུང་གི་ངོས་ནས་གནོད་སྐྱེལ་ཐབས་བྱེད་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲ་བརྙན་སྡེ་ཚན་ངོས་ནས་དེ་དག་གི་ཐད་ཁ་གཏད་གཅོག་ཐབས་གང་ཡོང་བྱེད་ཀྱི་ཡོད་ལ། ཉེ་སྔོན་རང་ཕྱི་རྒྱལ་ཁག་ནས་ཕེབས་པའི་དྲ་རྒྱའི་ཐོག་ཆེད་མཁས་པ་སོགས་གདན་འདྲེན་ཞུས་ཏེ་ཟབ་སྦྱོང་སྤྲད་ཡོད་ལ། ང་ཚོའི་ངོས་ནས་གང་ཐུབ་བྱེད་ཀྱི་ཡོད་ཀྱང་། སྟོབས་ཆེན་ཨ་རིའི་རྒྱབ་ཁབ་དང་ཚོང་ལས་གྲགས་ཅན་རིགས་ལ་དྲ་འབུས་ཡིག་ཆ་རྐུན་མ་རྒྱག་གི་ཡོད་པ་སོགས་བྱུང་གི་ཡོད་དུས། ང་ཚོ་ལྟ་བུས་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ཁག་པོ་ཆགས་ཡོད་ན་ཡང་། འབྲེལ་ཡོད་སུ་ཞིག་ཡིན་ཡང་དྲ་འབུའི་རིགས་ལ་སྔོན་ནས་ཡིད་གཟབ་ཀྱིས་གློག་འཕྲིན་བསླེབས་པ་དག་གང་བྱུང་ཁ་ཕྱེ་རྒྱུ་མེད་པ་དང་། ལྷག་པར་དུ་འོས་བསྡུ་སོགས་ཀྱི་སྐབས་རྒྱ་ནག་ཕྱོགས་ནས་སིམ་འཛུལ་ཏན་ཏན་བྱེད་ཀྱི་ཡོད་དུས་མི་མང་གིས་ཡིད་གཟབ་དགོས་པ་རེད། ཅེས་གསུངས་སོང་།

ཁ་སང་དེ་རིང་གཉིས་ཀར་བོད་མིའི་སྒྲིག་འཛུགས་ཀྱི་དུས་དྲན་དང་ཚོགས་འདུའི་ཐོག་བོད་དོན་རྒྱབ་སྐྱོར་བའི་མིང་ཐོག་ནས་རྒྱ་རིགས་མང་པོ་གདན་འདྲེན་ཞུ་ཡི་ཡོད་ཀྱང་། ཁ་ཤས་དངོས་གནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཡིན་པ་དང་། ཡང་ཁ་ཤས་དེ་ལས་ལྡོག་ཕྱོགས་ཆགས་ཡོད་སྟབས། མིའི་གྲངས་ཚད་ལས་སྤུས་ཚད་གཙོ་བོར་བཟུང་ནས་ཐུགས་གཟབ་དགོས་སྐོར་གསུངས་པ་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་ནང་སྒེར་དོན་དང་སྒེར་གྱི་ཕུགས་དོན་སྒྲུབ་མཁན་ཡོང་གི་ཡོད་པ་དངོས་ཡོད་ཡིན་པ་དང་། རྒྱ་རིགས་གྲོགས་པོ་ཟེར་དུས་ང་ཚོའི་རྒྱལ་རབས་ལོ་རྒྱུས་ཇི་བཞིན་ཁས་ལེན་མཁན་དང་ང་ཚོས་གང་འདོད་པ་ཇི་བཞིན་ཁས་ལེན་མཁན། དབུ་མའི་ལམ་ལ་ཁས་ལེན་གཙང་མ་གནང་མཁན་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ག་རེ་བྱས་ཀྱང་ཁས་ལེན་མཁན་ཞིག་ཧ་ལམ་རག་གི་མ་རེད། གང་ལྟར་རྒྱ་རིགས་ཤིག་བསླེབས་པ་ཡིན་ན་ཁོ་རང་ལ་ལྟ་ཚུལ་དང་བསམ་ཚུལ་ལངས་ཕྱོགས་ཤིག་ཡོད་དུས། ང་ཚོའི་ངོས་ནས་ང་རང་ཚོའི་ལྟ་ཚུལ་དང་ལངས་ཕྱོགས་ག་རེ་ཡོད་པ་གཙང་མ་འགྲེལ་བཤད་དང་། མཐུན་རྐྱེན་སྦྱར་དགོས་སར་མཐུན་རྐྱེན་སྦྱར་ནས་བེད་སྤྱོད་ལོག་པ་གཏོང་ཐབས་ནང་མི་ཚུད་ཐབས་དང་། བེད་སྤྱོད་བཏང་པ་ཡིན་ནའང་བེད་སྤྱོད་ལོག་པ་བཏང་སོང་ཞེས་ཕྱི་གསལ་ནང་གསལ་བཟོས་ཏེ་འགྲོ་བ་ལས། ང་ཚོར་རྒྱ་རིགས་གྲོགས་པོ་དགོས་པ་དང་ག་འདྲ་ཞིག་དགོས་ཞེས་ན་འདི་ལྟ་བུ་ཞིག་དགོས་འདི་ལ་མཚན་རྟགས་སྐྱོན་རོགས་གནང་ཞེས་བཤད་བསྡད་ན་ཁག་པོ་ཡིན་པ་དང་། ང་ཚོའི་ངོས་ནས་བེད་སྤྱོད་ལོག་པ་གཏོང་མཁན་དང་སྐད་ཆ་གང་བྱུང་བཤད་མཁན་ཚོར་ངོས་འཛིན་དང་ཡིད་གཟབ་དགོས་པ་དང་། ཕྱོགས་གཅིག་ནས་ང་ཚོ་རྒྱ་རིགས་ཐེར་འབུམ་མང་པོའི་ནང་ལ་སིམ་འཛུལ་བྱེད་དགོས་པ་ཡིན་དུས། རྒྱ་རིགས་ཚོའི་ནང་ལྟ་བ་ལངས་ཕྱོགས་ག་རེ་ཡོད་པ་ཡིན་ན། དེ་དག་ཚང་མ་བརྒྱུད་ནས་རྒྱ་མི་རིགས་ནང་དུ་འཛུལ་ཐབས་དགོས་པ་རེད། ཅེས་གསུངས་སོང་།

སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་ཁ་སྔོན་སྤྱི་འཐུས་གྲོས་ཚོགས་མགོ་འཛུགས་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་ནང་ང་ཚོའི་སྤྱི་ཚོགས་འཆམ་པོ་མཐུན་པོ་ཡོང་དགོས་སྐོར་གསུངས་པ་དང་། སྲིད་སྐྱོང་མཆོག་ཡིན་ན་ནམ་རྒྱུན་ནས་ང་ཚོ་ཆིག་སྒྲིལ་དང་མཐུན་པོ་བྱུང་དགོས་པ་གལ་ཆེན་ཡིན་སྐོར་གསུང་བཞིན་པ་ལྟར། མ་འོངས་པར་སྤྱི་ཚོགས་ནང་ཉེན་ཁ་ཆེན་པོ་ཞིག་མཐོང་བསྡད་པ་དེ་སྲིད་སྐྱོང་མཆོག་དང་དོན་ཟུར་སྤེན་པ་ཚེ་རིང་ལགས་གཉིས་ཀྱི་གནད་དོན་ཆགས་ཡོད་པ་དང་། གནད་དོན་དེའི་ཐད་ལས་རིམ་ཞིག་འགྲོ་བསྡད་ཡོད་ན་ཡང་མ་འོངས་པར་ཐག་གཅོད་ག་འདྲ་ཞིག་ཡོང་ན་ཡང་ཡག་པོ་ཡོང་མི་ཐུབ་པ་ཞིག་ཡིན་པ་རེད། ང་རང་གི་རེ་བར་རྣམ་པ་གཉིས་ཁྲིམས་ཁང་གི་ཕྱི་ལ་བུད་དེ་སྒེར་ངོས་ནས་གནད་དོན་དེ་སེལ་ཐུབ་པ་ཡིན་ན་གནད་དོན་མང་པོ་ཞིག་སེལ་ཐུབ་པ་ཞིག་རེད་ཅེས་དགོངས་ཚུལ་གསུངས་པ་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། སྤྱི་འཐུས་རྣམ་པ་དང་སྤྱི་ཚོགས་སོགས་ཀྱི་ནང་དེ་ལྟར་བཤད་མཁན་མང་པོ་ཡོང་གི་འདུག གནད་དོན་དེ་གསལ་བོ་བཤད་ན། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་སྒེར་གྱི་ཐོག་ནས་གནས་ཚུལ་སྤུ་ཙམ་མེད། གནད་དོན་དེ་མི་སྒེར་གཉིས་ཀྱི་གནས་ཚུལ་རྩ་བ་ནས་མིན་པ་ཐག་བཅད་ནས་བཤད་བཞིན་ཡོད། གནད་དོན་དེ་བཅའ་ཁྲིམས་དགོངས་དོན་བཞིན་བཀའ་ཤག་གིས་ཐག་བཅད་པ་ཞིག་ཡིན་པ་རེད། ང་རང་སྒེར་གྱི་ངོས་ནས་སྤེན་པ་ཚེ་རིང་དང་དཔེ་འཆམ་པོ་ཡོད་ལ། ཕལ་ཆེར་གྲོས་ཚོགས་ར་བ་འདིའི་ནང་དུ་ངའི་ཁྱིམ་ལ་ཕེབས་མྱོང་མཁན་བཀའ་བློན་རྣམ་པ་ལས་གཞན་རེ་གཉིས་ཨེ་ཡོད་དམ། ཡིན་ན་ཡང་སྤེན་པ་ཚེ་རིང་ངའི་ནང་དུ་ཐེངས་ཁ་ཤས་ལ་ཡོང་མྱོང་། ཁྲིམས་དང་སྒྲིག་གཞི་གཙོ་བོ་གཞིར་བཟུང་ནས་ཐག་གཅོད་བྱས་བཞག་པ་ཞིག་ལས་མི་སྒེར་གཉིས་ཀྱི་གནས་ཚུལ་རྩ་ནས་མ་རེད། འདིར་བཞུགས་ཡོད་པ་དེ་བློ་བཟང་སེང་གེ་མི་གཅིག་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཆགས་ཡོད་པ་རེད་ལ། དམངས་གཙོའི་ལམ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་མི་མང་ཚང་མས་འོས་འདེམས་བྱས་པའི་ཐོག་ནས་འགན་སྤྲད་བཞག་པ་ཞིག་ཡིན་དུས། གཞུང་གི་ཁྲིམས་སྒྲིག་ག་རེ་ཡོད་པ་དེའི་ཐོག་ནས་ཐག་གཅོད་བྱས་པ་ལས་སྒེར་གཉིས་ཀྱི་མི་མཐུན་པའི་གནས་ཚུལ་ཞིག་གིས་བྱས་བཞག་པ་རྩ་བ་ནས་མིན་མོད། ཐག་གཅོད་དེ་བཀའ་ཤག་གི་ངོས་ནས་ཟིན་པ་ཞིག་རེད་ལ། ང་མི་སྒེར་ངོས་ནས་མི་མཐུན་པའི་དོགས་པ་ད་སྔ་མེད་ལ་མ་འོངས་པར་ཡང་ཡོང་གི་མ་རེད། ཅེས་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་ནས་འདས་པའི་ལོ་ངོ་མང་པོའི་རིང་འགྲོ་གྲོན་མང་པོ་ཞིག་བཏང་ནས་ལས་རིམ་མང་པོ་ཞིག་བསྒྲིགས་ཏེ། མི་མང་ཁྲོད་དབུ་མའི་ལམ་གྱི་ཐོག་གོ་རྟོགས་མང་པོ་ཞིག་སྤེལ་བསྡད་ཡོད་པ་དང་། ད་དུང་དབུ་མའི་ལམ་སྐོར་ལ་མུ་མཐུད་གོ་རྟོགས་མང་པོ་ཞིག་སྤེལ་དགོས་བྱུང་གི་ཡོད་པ་དེ། མི་མང་ཁྲོད་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་མ་བྱུང་བ་རེད་དམ་མི་མང་ལ་དབུ་མའི་ལམ་ལ་མོས་མཐུན་མེད་སོང་བ་རེད་དམ། ཡང་ན་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་མཁན་ཚོར་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་བའི་ནུས་པས་མ་འདང་བ་ཡིན་མིན་དོགས་འདྲི་གནང་སོང་ལ། སྤྱི་འཐུས་ཁག་ཅིག་ནས་དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ཡིན་པས་སྤྱི་ཚོགས་ནང་གོ་རྟོགས་སྤེལ་སྐབས་ལོ་རྒྱུས་ཤེས་པའི་ཐོག་ནས་འགྲེལ་བཤད་ཡག་པོ་དགོས་པ་གལ་ཆེན་པོ་ཡིན་པ་དང་། དབུ་མའི་ལམ་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་སྲིད་བྱུས་དེ་སྤྱི་ཚོགས་ནང་ངོ་སྤྲོད་མུ་མཐུད་གནང་གལ་ཆེ་སྐོར་སོགས་གསུངས་སོང་། དེའི་ཐད་ལ་ཕྱི་དྲིལ་བཀའ་བློན་མཆོག་མཆོག་གིས། དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་བའི་ཐད་གྲོས་ཚོགས་ནང་འཆར་ཅན་དྲི་བ་བསླེབས་བསྡད་པ་ཞིག་ཡིན་པ་དང་། ལན་ཡང་དེ་སྔོན་བརྒྱབས་པ་ནང་བཞིན་རེད།  མི་མང་ཁྲོད་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། མི་འབོར་མང་པོ་ཡིན་དུས་དབུ་མའི་ལམ་སྐོར་ལ་ཟབ་སྦྱོང་མང་པོ་གནང་གི་ཡོད་པ་རེད་ལ། དེ་བཞིན་ཕྲུ་གུ་གསར་པ་མང་པོ་སྐྱེས་ཡོང་གི་ཡོད་པ་དང་གཞོན་སྐྱེས་མང་པོ་ཡོང་གི་ཡོད་དུས་གོ་རྟོགས་སྤེལ་དགོས་པ་དེ་རང་བཞིན་གྱིས་ཡོང་གི་འདུག  དབུ་མའི་ལམ་ལ་ངེས་པ་རྙེད་པའི་ཐོག་ནས་རྒྱབ་སྐྱོར་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ། ངེས་པ་རྙེད་པ་ལ་གོ་རྟོགས་སྤེལ་དགོས་ཀྱི་ཡོད་པ་དང་། གོ་རྟོགས་སྤེལ་བར་ཟབ་སྦྱོང་མང་པོ་ཞིག་གོ་སྒྲིག་གནང་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཉིན་གུང་ཚོགས་ཐུན་ ༢ པའི་སྟེང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་མེད་དེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་དབང་གིས་རྒྱལ་མཚན་ནོར་བུར་༧པན་ཆེན་རིན་པོ་ཆེའི་མིང་གཏགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་༧པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་ངོས་འཛིན་སྐོར་ལ་ཁ་གསལ་བའི་ལངས་ཕྱོགས་ག་འདྲ་ཡོད་པ་རེད་ཅེས་དྲིས་པར་ཕྱི་དྲིལ་བཀའ་བློན་མཆོག་གིས། གཞི་རྩའི་༧པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ནས་ངོས་འཛིན་གནང་བཞག་པ་ཞིག་ཡིན་པ་དང་། དེ་ལ་དེ་སྔ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངོས་འཛིན་བྱས་བསྡད་ཡོད་པ་རེད་ལ་ད་ལྟའང་དེ་ག་རང་ཡིན། རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་༧པན་ཆེན་སྐོར་ལ་ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་ཐོག་ནས་ཉེ་ཆར་རང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གྷ་གྷལ་གནམ་ཐང་ནས་གསུངས་པ་ལྟར། བཀའ་ཤག་ངོས་ནས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གིས་ག་རེ་གསུང་པ་དེ་ནང་བཞིན་འགྲོ་བསྡད་ཡོད་ལ། གཞི་རྩའི་༧པན་ཆེན་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་སྐོར་ལ་དེ་སྔ་དྲིལ་བསྒྲགས་ལས་ཁུངས་ཀྱི་ངོས་ནས་དེབ་དང་བརྙན་སོགས་བཏོན་ཡོད་པ་རེད་ལ་རྗེས་ཕྱོགས་ཀྱང་ཡོང་གི་རེད། ཅེས་གསུངས་སོང་།
སྤྱི་འཐུས་ཁག་ཅིག་ནས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱི་གཙོས་ཚན་པ་དེའི་ལས་བྱེད་རྣམས་ཀྱིས་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་གནང་བ་དང་འབྲེལ། རྒྱལ་སྤྱིའི་སྒང་ལ་ཤུགས་རྐྱེན་དང་དོ་འཁུར་གང་ལེགས་ཡོང་གི་ཡོད་སྐོར་གསུངས་སོང་བ་དང་། སྐབས་དེར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འབྲེལ་བ་གནང་ནས་གང་ལེགས་ཡོང་བཞིན་ཡོད་ཀྱང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གཅིག་པུ་ཙམ་མ་ཡིན་པར་བོད་ཀྱི་གཙང་བོ་ཁག་རྒྱུག་སའི་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་བར་ཕྱི་དྲིལ་བཀའ་བློན་མཆོག་གིས། ཁོར་ཡུག་སྐོར་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་གལ་ཆེན་པོ་རྩི་ཡི་ཡོད་ལ། ལྷག་པར་དུ་བོད་ཀྱི་གཙང་བོ་ཁག་རྒྱུག་སའི་ཨེ་ཤ་ཡའི་རྒྱལ་ཁབ་དེ་དག་ལ་དམིགས་བསལ་གལ་ཆེན་པོ་རྩི་ཡི་ཡོད་ལ། ནམ་རྒྱུན་བཤད་བསྡད་པ་ལྟར། བོད་ཀྱི་གནད་དོན་དེ་བོད་པ་ཙམ་གྱི་གནད་དོན་མ་ཡིན་པར་བོད་ཀྱི་ཆུ་འཐུང་བཞིན་པའི་ཨེ་ཤ་ཡའི་མི་གྲངས་ཐེར་འབུམ་མང་པོའི་གནད་དོན་ཆགས་ཡོད་དུས། བོད་མིའི་སྒྲིག་འཛུགས་ངོས་ནས་ཆོས་རིག་ལས་ཁུངས་བརྒྱུད་རྒྱལ་ཁབ་དེ་དག་ནང་འབྲེལ་བ་བྱེད་རྒྱུར་འབད་བརྩོན་ཞུ་བཞིན་པ་ཡིན། ཞེས་གསུངས་སོང་།

གཞན་ཡང་། སྤྱི་འཐུས་ཁག་ཅིག་ནས་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམ་པས་ཕྱི་རྒྱལ་བའི་ཉམས་ཞིབ་བྱས་པ་ནས་ཚུར་བཤུས་པ་ཙམ་གྱིས་མི་འགྲིག་པར། བོད་རྒྱ་གཉིས་ཀྱི་འཐབ་རྩོད་ལ་མཐུན་འགྱུར་དུ་འགྲོ་བའི་ཉམས་ཞིབ་གནང་གལ་ཆེ་བ་དང་། ལྷག་པར་དུ་བོད་དང་རྒྱའི་སྐད་ཡིག་ཐོག་ཉམས་ཞིབ་གནང་མཁན་དགོས་གལ་ཆེ་བས་ཉམས་ཞིང་ཁང་ལ་ད་ལྟ་རྒྱ་ཡིག་རྒྱ་སྐད་ཤེས་མཁན་ག་ཚོད་ཡོད་མེད་དང་། བོད་རིག་པའི་ཚོགས་ཆེན་ཐོག་ཞུགས་པའི་ཉམས་ཞིབ་པ་རྣམས་ནས་གྲུབ་འབྲས་ཅི་ཙམ་ཐོན་ཐུབ་ཡོད་པ་དང་། ཁོང་ཚོ་ཏག་ཏག་ཕྱིར་ལོག་གི་ཡོད་མེད་སོགས་བཀའ་འདྲི་ཞུས་པར་ཕྱི་དྲིལ་བཀའ་བློན་མཆོག་གིས། བོད་རྒྱའི་སྐད་ཡིག་ཐོག་ཉམས་ཞིབ་གནང་མཁན་དགོས་པ་གལ་ཆེན་གཟིགས་ཀྱི་ཡོད་པ་དང་། བོད་ཡིག་ཐོག་ཉམས་ཞིབ་པ་གཅིག་ཡོད་པ་དང་། རྒྱ་ཡིག་ཉམས་ཞིབ་པ་ཞིག་འཚོལ་བཞིན་ཡོད་སྐོར་དང་། བཀའ་ཤག་ངོས་ནས་ཕྱི་རྒྱལ་ཁག་ཏུ་བཏང་བའི་ཞིབ་འཇུག་པ་རྣམས་ད་བར་ཚང་མ་ཚུར་ལོག་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་བོད་རིག་པའི་ཞིབ་འཇུག་གི་ཚོགས་འདུ་ཞིག་འཚོག་འཆར་ཡོད་པ་དང་། དེ་སྔོན་ཡིན་ན་བཙན་བྱོལ་གྱི་བོད་པའི་ཞིབ་འཇུག་པ་རྣམས་ཟུར་ཉན་ལ་མ་གཏོགས་འགྲོ་ཐུབ་ཀྱི་མེད་ཀྱང་། ཉེ་ལམ་ང་ཚོའི་ཞིབ་འཇུག་པ་རྣམས་ཞིབ་འཇུག་པའི་ངོ་བོའི་ཐོག་ནས་འགྲོ་ཐུབ་ཀྱི་ཡོད་པར་བརྟེན། གཏམ་བཤད་སོགས་ཀྱི་ནང་ཆ་ཤས་དངོས་སུ་ལེན་ཐུབ་ཡོད་པ་རེད། ཉེ་ལམ་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ནང་བཙན་བྱོལ་གྱི་བོད་པ་ཉི་ཤུ་ལྷག་གིས་མཉམ་ཞུགས་བྱས་ཡོད་པ་དང་། དུས་རྒྱུན་དུ་བཀའ་ཤག་ངོས་ནས་རྒྱ་གར་ནང་ཡོད་པའི་འབུམ་རམས་པ་དང་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་པའི་བོད་མི་སུ་རུང་ཞིག་གིས། བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དང་ཞིབ་འཇུག་ཚོགས་འདུ་གཞན་ཁག་ཏུ་གཏམ་བཤད་ཆོག་པའི་ཁས་ལེན་ཡིག་ཆ་ཡོད་ན། བཀའ་ཤག་ངོས་ནས་ཞིབ་འཇུག་པ་དེ་དག་ལ་འགྲིམ་འགྲུལ་དང་མགྲོན་ཁང་གི་གླ་ཆ་ཆ་ཚང་སྤྲོད་ཀྱི་ཡོད་སྐོར་དང་། ཉེ་སྔོན་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་སྐབས། གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་ནས་བོད་ནང་གི་ཆུ་བོ་དང་ཁོར་ཡུག་སྐོར་ནས་གྲོས་ཚོགས་འཐུས་མི་རྣམས་ལ་གཏམ་བཤད་སྤེལ་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་མཁོ་སྒྲུབ་བྱས་པའི་པར་དང་ཡིག་ཆ་ཁག་བཀོལ་སྤྱོད་བྱས་ཏེ། ཡིག་ཆ་དེ་དག་ཚད་ལྡན་དང་ལེགས་པོ་ཡོད་པའི་བསྔགས་བརྗོད་གནང་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་ལས་ཉིན་ ༣ པའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༦༢༤.༥༨༥.༢༤ དང་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་ཧིན་སྒོར་  ༡.༨༨༧.༧༡༦.༣༢ ། དེ་བཞིན། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཕྱོགས་བསྡོམས་འགྲོ་གྲོན་ཧིན་སྒོར་ ༡༢༩.༡༤༡.༩༢ བཅས་སྤྱི་མོས་གཏན་འབེབས་གནང་སོང་བ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༡

Leave a Reply

2 thoughts on “བོད་ཀྱི་ཆུ་འཐུང་མཁན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་འབྲེལ་ལམ་འཛུགས་པར་འབད་བརྩོན་བྱེད་བཞིན་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམའ་

    བླ་མ་གཅིག་ལ་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་གི་ཡོད་སྐོར་གསུང་པ་དེ་
    རང་གི་ཐོག་འགྲོ་བསྡད་ཡོད་སྐོར་གསུང་སོང་ཟེར་བའི་གཏམ་འདིའི་འོག་ནས་མ་
    འོངས་བོད་མི་རིགས་ལ་དཀའ་ངལ་འཕྲད་སྲིད་པ་མ་རེད་དམ།

  2. གནས་དོན་གཅིག་ལ་བསམ་འཆར་ཞུ་ན། པཎ་ཆེན་རིན་པོ་ཆེ་ལ་སྤྲུལ་པ་སྣ་ཚོགས་ཡོང་ཆོག་གི་རེད་གསུངས་པ། དོན་ལ་ངོས་ལེན་དང་། མ་འོངས་༧རྒྱལ་བ་རིན་པོ་ཆེ་ལའང་གཉིས་ཡོང་ངེས་པས། དེ་ལའང་ལན་འདེབས་གཅིག་པ་ཡིན་ན། མ་འོངས་བོད་མི་རྣམས་མགོ་རྨུངས་སུ་འཇུག་རྒྱུ་དང་། ཁ་འཐོར་འགྲོ་སྲིད་པས། དེ་རིགས་ལ་ད་ལྟ་ནས་ལན་གསལ་པོ་གཙང་མ་གཅིག་ཡོད་ན་ཡག་པ་འདུག་བསམ།
    གཉིས་ནས་༧རྒྱལ་བ་རིན་པོ་ཆེས་གང་གསུངས་དེ་ག་རང་རེད་ཟེར་དུས། གནས་སྐབས་སྟབས་བདེ་ལན་ལས། རང་གི་འགན་ཁུར་བླངས་པའི་ལན་ཞིག་རྩ་བ་ནས་མ་རེད་བསམ།