རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་བཀའ་བློན་དུ་བདམས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལོ་ངོ་བཞི་བཅུ་ཞེ་གྲངས་རིང་ཞབས་ཞུ་ཞུས་པའི་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་མང་མོས་ཐོག་ནས་བཀའ་བློན་དུ་འོས་འདེམས་གནང་སོང་།དེ་རིང་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ཁ་སྐོང་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་སོང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འོས་བླུག་དགོས་པའི་དགོངས་འཆར་བཏོན་པ་ལྟར། ངོ་བཅར་སྤྱི་འཐུས་ ༤༣ ལས་ཚོགས་གཙོ་མཆོག་ནས་འོས་མ་བླུག་པ་དང་། འོས་ཤོག་སྟོང་པ་གཅིག་དང་རྩིས་མེད་གཉིས་ཕུད་རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་ ༡༨ དང་།  སྤྱི་འཐུས་ ༢༡ ནས་རྒྱབ་སྐྱོར་ཐོབ་པ་བརྒྱུད་མང་མོས་ཐོག་བཀའ་བློན་དུ་འོས་འདེམས་གནང་སོང་།

སྟོབས་རྒྱལ་ཚེ་རིང་མཆོག་ལ་ཁོང་བཀའ་བློན་དུ་འདེམས་ཐོན་བྱུང་བར་ཐུགས་ཚོར་ཅི་བྱུང་བཀའ་འདྲི་ཞུས་པར་ཁོང་གིས། ང་རང་སློབ་གྲྭ་ཐོན་ཏེ་ཕྱི་ལོ་ ༡༩༧༣ ནས་བཟུང་ད་ལྟ་བར་དུ་ཐོག་མའི་ཆོད་སེམས་བརྟན་པོའི་ཐོག་ནས་མི་ཚེ་ཧྲིལ་པོ་འདྲ་པོར་སྤྱི་པར་ཞབས་ཞུ་ཞུས་པ་དང་། དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མུ་མཐུད་ཕྱག་ལས་གནང་དགོས་པ་རེད་ཅེས་ཐུགས་རེ་གནང་བ་རེད། ཐུགས་རེ་གནང་བའི་གནད་འགག་འདྲ་བོ་དེ་ག་རེ་རེད་ཟེར་ན། སྤྱིར་བཏང་ང་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་བཟུང་རྒན་ཡོལ་ཕར་འགྱངས་ཀྱི་ལོ་བཞི་ཡོད་པ་དེ་རྫོགས་འགྲོ་ཡི་ཡོད་སྟབས། དེའི་མཚམས་ནས་རང་བཞིན་གྱིས་རྒན་ཡོལ་དུ་འགྲོ་དགོས་པའི་གནས་སྟངས་ཤིག་ཡིན་དུས། ད་ལྟའི་བཀའ་ཤག་སྐབས་བཅོ་ལྔ་པ་དབུ་འཛུགས་གནང་སྐབས་ནས་བཟུང་བཀའ་དྲུང་དུ་བསྐོ་བཞག་གནང་བ་ལྟར་ཞབས་ཞུ་ཞུས་ཡོད་པ་རེད། དེར་བརྟེན་བཀའ་ཤག་སྐབས་བཅོ་ལྔ་པ་འདིར་མཉམ་དུ་མུ་མཐུད་ཕྱག་ལས་འཁྱོལ་བ་དགོས་ཀྱི་འདུག་ཅེས་སྐུ་ངོ་སྲིད་སྐྱོང་མཆོག་ནས་བཀའ་ཕེབས་སོང་། སོ་སོར་ཆ་མཚོན་ན། ད་ལྟ་བར་དུ་སྤྱི་པ་རང་གི་ཐོག་ལ་ཞབས་ཞུ་ཞུས་བསྡད་པ་དང་། ད་ལྟ་ལོ་གཉིས་མ་གཏོགས་མེད་དུས་ཁས་ལེན་ཞུས་པ་ཡིན། དེ་རིང་བོད་མི་མང་སྤྱི་འཐུས་ནས་མང་མོས་ཐོག་རྒྱབ་སྐྱོར་གནང་བ་དེར་གསར་འགྱུར་བརྒྱུད་ལམ་འདི་བརྒྱུད་ནས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ང་རང་གི་ངོས་ནས་གང་ཡོང་ཅི་ཡོང་གིས་ཞབས་ཞུ་ཞུ་ཡ་ཡིན། ཞེས་དང་། སྔོན་མ་ཨ་རིར་བོད་མི་ཆིག་སྟོང་ཐམ་པ་བཏང་བའི་ནང་དུའང་ཁོང་ཚུད་ཡོད་ཀྱང་། དང་པོ་རང་ནས་སྒྲིག་འཛུགས་འདིའི་ནང་ཞབས་ཞུ་ཞུ་བར་སེམས་ཐག་བཅད་ཟིན་པའི་མི་ཞིག་ཆགས་ཡོད་དུས། མིང་དང་ཕྱག་ལས་གནང་སྟངས་ལ་འགྱུར་བ་ཕྱིན་པ་ཡིན་ནའང་ཞེ་དྲག་དགའ་ཚོར་ཆེན་པོ་དེ་འདྲ་དམིགས་བསལ་ཅི་མེད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཐུགས་རེ་གནང་བ་ལྟར་ཧུར་ཐག་འབད་ཐག་གིས་ཞབས་ཞུ་ཞུ་ཡི་ཡིན་སྐོར་གསུངས་བྱུང་།

རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༥ ལོར་བོད་ལ་སྟོད་རྫོང་དཀར་ཕུ་ལྷག་ཅེས་པའི་གྲོང་སྡེར་སྐྱེས་ཤིང་། རང་ལོ་ ༨ ཐོག་ཨ་ཞང་དང་མཉམ་དུ་རྒྱ་གར་དུ་འབྱོར་རྗེས་དྷ་ས་ཟུར་གསོག་སློབ་གྲྭ་དང་པཱན་ཅ་མཱ་རི་གཏན་སློབ། མ་སུ་རི་གཏན་སློབ་བཅས་སུ་སློབ་སྦྱོང་གནང་བའི་གོ་སྐབས་ཐོབ། ཕྱི་ལོ་ ༡༩༧༣ ལོར་བལ་ཡུལ་ཤར་ཁུམ་བུ་ཤོ་རོང་བདེ་ལེགས་གཞིས་ཆགས་སུ་ཉིན་སློབ་ཀྱི་དགེ་ཆེ་དང་འཛིན་སྐྱོང་གཅིག་ལྕོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ ལོར་ནང་སྲིད་ལས་ཁུངས་ཀྱི་སྦིར་བོད་ཚོགས་ལས་བྱེད་དུ་བསྐོ་གཞག་གིས་བཟོ་གཞིས་ལས་ཁུངས་ཀྱི་རྩིས་པ་དང་རུམ་བཟོའི་དོ་དམ་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༨ ལོར་ལས་བྱེད་དུ་དངོས་སུ་ཞུགས། ཕྱི་ལོ་ ༡༩༨༣ ལོར་ཨོ་རི་ས་གཞིས་ལས་ཁང་དང་མཉམ་འབྲེལ་གྱི་དངུལ་གཉེར་གནང་། ཕྱི་ལོ་ ༡༩༨༦ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་གནང་བ་ལྟར་ལོ་ལྔའི་རིང་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༩༡ ལོར་ལ་དྭགས་བསོད་ནམ་གླིང་དུ་གནས་སྤོས་ཀྱིས་མཉམ་དྲུང་དང་ལ་སྤྱི་བཅས་གནང་སྟེ་མི་མང་གི་བདེ་སྡུག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༡༩༩༧ ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་རྗེས། ལོ་བཅུ་གཅིག་རིང་དྲུང་ཆེའི་ལས་རོགས་དང་། དྲུང་གཞོན་བཅས་ཀྱི་གནས་རིམ་ཐོག་ལྷོ་གཞིས་ཁག་དང་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ཁག་གི་གནས་སྟངས་ལ་ལྟ་རྟོག་གི་ལས་འགན་བཞེས། ཕྱི་ལོ་ ༢༠༠༧ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག་གིས་སྨན་ཁང་ཁག་གི་འཛིན་སྐྱོང་དང་ཊི་སྦི་ནད་གཞི་གཙོས་པའི་ལས་གཞི་ཁག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༢༠༡༢ ལོར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་གིས་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་སྐྱོང་ལྟ་རྟོག་དང་འཆར་འགོད་ལམ་སྟོན་གནང། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་ལས་འགན་བཞེས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་ནས་བཟུང་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་རེད། འདས་པའི་ལོ་ངོ་ ༤༦ ཙམ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་ཞུས་ཡོད་འདུག

བསྐྱར་བཅོས།: ༢༠༡༩/༠༣/༢༢

Leave a Reply

One thought on “རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་བཀའ་བློན་དུ་བདམས།