རྒྱ་ནག་ཅང་སུའུ་ཞིང་ཆེན་ནང་འབར་གས་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་།

རྒྱ་ནག་གི་རྫས་འགྱུར་བཟོ་གྲྭ་ཞིག་ལ་འབར་གས་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་གྲངས་ ༤༤ རྐྱེན་འདས་དང་མི་ ༦༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ཁ་སང་ཉིན་རྒྱབ་པེ་ཅིན་གྱི་ཆུ་ཚོད་ ༢: ༥༠ སྟེང་། རྒྱ་ནག་བྱང་ཕྱོགས་ཅང་སུའུ་ཞིང་ཆེན་ཡན་ཁྲིན་(Yancheng)གྲོང་ཁྱེར་གྱི་ཐན་ཇཱ་ཡས་(Tianjiayi)ཞེས་པའི་རྫས་འགྱུར་བཟོ་གྲྭ་ཞིག་ལ་འབར་གས་དོན་རྐྱེན་བྱུང་སྟེ། ཉུང་མཐར་མི་གྲངས་ ༤༤ རྐྱེན་འདས་དང་ ༦༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་སོགས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་མི་གྲངས་ ༦༤༠ སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེ་དག་གི་ཁྲོད་མི་ ༣༢ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་མེ་གསོད་རུ་ཁག་ཆེད་གཏོང་གིས་དེ་རིང་ཞོགས་སྔར་མེ་གསོད་ཐུབ་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ས་ཡོམ་བརྟག་དཔྱད་ཁང་གིས་འབར་གས་ཀྱི་ཁྱབ་ཚད་ ༢.༢ ཙམ་ཡིན་པ་དང་། ད་ལྟའི་ཆར་འབར་གས་བྱུང་རྐྱེན་སྐོར་ལ་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

 བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ནས་འབར་གས་བྱུང་ཤུགས་ཧ་ཅང་ཆེ་བའི་རྐྱེན་གྱིས་ཉེ་འཁོར་གྱི་ཁང་རྩེག་མང་པོ་འཐོར་ཞིག་ཏུ་ཕྱིན་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་སོང་བའི་ཁ་གྲངས་ད་དུང་འཕར་རྒྱུ་ཡིན་པ་མ་ཟད། རྫས་འགྱུར་འབར་གས་བྱུང་བའི་དུད་སྨུག་སོགས་ཀྱི་ནང་ཁྱབ་པའི་རྫས་རིགས་ཀྱིས་མི་ལ་གནོད་འཚེ་ཕོག་ཉེན་ཡོད་སྐོར་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཉེ་འཁོར་ན་ཡོད་པའི་ཁྱིམ་ཚང་སོགས་གནས་སྤོར་བྱེད་བཞིན་ཡོད་མེད་གང་ཡང་བརྗོད་མེད་པ་དང་། རྫས་འགྱུར་བཟོ་གྲྭ་དེའི་ཉེ་འགྲམ་དུ་བྱིས་གཉོར་ཁང་དང་སློབ་གྲྭ། སྡོད་ཁྱིམ་སོགས་མང་པོ་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་རྒྱ་ནག་ནང་རྫས་འགྱུར་བཟོ་གྲྭ་ཁག་ལ་འབར་གས་བྱུང་བ་རྒྱུན་ལྡན་ལྟ་བུ་ཆགས་ཡོད་བཞིན་ཡོད་པ་དང་། གནད་དོན་དེ་དག་སྲུང་སྐྱོབ་དང་བདེ་འཇགས་ལ་དོ་སྣང་ཚད་ལྡན་མེད་རྐྱེན་བྱུང་གི་ཡོད་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་བྱང་ཕྱོགས་ཀྲང་ཅཱ་ཁོ(Zhangjiakou)ཞེས་པའི་གྲོང་ཁྱེར་ནང་རྫས་རིགས་འཁུར་བའི་རླངས་འཁོར་མང་པོར་འབར་གས་བྱུང་སྟེ་མི་གྲངས་ ༢༢ ལྷག་རྐྱེན་འདས་དང་། ཡང་ལོ་དེའི་ཕྱི་ཟླ་ ༧ ནང་རྒྱ་ནག་སི་ཁྲོན་ནང་རྫས་རིགས་བཟོ་གྲྭ་ཞིག་ལ་འབར་གས་བྱུང་སྟེ་མི་གྲངས་ ༡༣ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

རྒྱ་ནག་ནང་རྫས་འགྱུར་བཟོ་གྲྭ་མང་པོར་དོན་རྐྱེན་བསྟུན་མར་བྱུང་རྐྱེན། ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་གཞུང་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ལས་བསླབ་བྱ་བླངས་ཏེ་སྤྱིའི་བདེ་འཇགས་ལ་སྔར་བས་ལྟ་ཞིབ་ནན་མོ་བྱེད་དགོས་ལུགས་བཤད་ཡོད་སྟབས། རྒྱ་ནག་གཞུང་གིས་གྲོང་ཁྱེར་མང་པོའི་རྫས་འགྱུར་མཛོད་ཁང་མང་པོིར་བཟོ་བཅོས་དང་། རྫས་འགྱུར་ཁང་མང་པོ་ས་གནས་གཞན་དུ་སྤར་བ་དང་སྒོ་བརྒྱབས་པ་སོགས་བྱས་ཡོད་ནའང་། འདས་པའི་ལོ་ངོ་ ༣༠ རིང་རྒྱ་ནག་གིས་དཔལ་འབྱོར་ཐོན་སྐྱེད་གོང་སྤེལ་བཏང་བ་དང་མཉམ་དུ། བཟོ་གྲྭ་མང་པོ་འཛུགས་སྐྲུན་བྱས་རྐྱེན་སྤུས་ཚད་དང་བདེ་འཇགས་དོ་དམ་སོགས་ཀྱིས་མ་འདང་བར་འབར་གས་དང་མེ་སྐྱོན། རྡིབ་སྐྱོན་བཅས་ཀྱི་དོན་རྐྱེན་རིམ་པར་འབྱུང་བཞིན་ཡོད་འདུག

རྒྱ་ནག་ནང་རྫས་འགྱུར་བཟོ་གྲྭར་འབར་གས་བྱུང་བའི་དོན་རྐྱེན་ཆེ་ཤོས་དེ་ཕྱི་ལོ་ ༢༠༡༥ ཟླ་ ༨ ནང་རྒྱ་ནག་ཐིན་ཅིན་(Tianjin)གྲོང་ཁྱེར་ནང་བྱུང་སྟེ་མི་གྲངས་ ༡༦༠ ལྷག་རྐྱེན་འདས་དང་། མི་ ༡༠༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་བཞིན་མི་མང་ངོས་ནས་རྫས་འགྱུར་བཟོ་གྲྭ་ཁག་ལ་འབར་གས་དང་བཟོ་གྲྭ་ཁག་གིས་མི་མང་གི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པའི་ཐད་ངོ་རྒོལ་དང་སྐྱོན་བརྗོད་རིགས་མང་པོ་བྱུང་གི་ཡོད་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ནང་དཔལ་འབྱོར་ཡར་རྒྱས་ཁོ་ནའི་ཆེད་གཞུང་ངོས་ནས་རྒྱབ་སྐྱོར་གྱིས་བཟོ་གྲྭ་ཁང་མང་པོ་ཆེད་འཛུགས་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༢

Leave a Reply

One thought on “རྒྱ་ནག་ཅང་སུའུ་ཞིང་ཆེན་ནང་འབར་གས་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམའ་

    ནང་པ་སངས་རྒྱས་པའི་རྗེས་འཇུག་ཞིག་ཡིན་པ་ནས་
    རྐྱེན་ངན་འོག་ཤོར་བའི་མི་དེ་ཚོར་སྨོན་ལམ་འདེབས་
    ཀྱི་ཡོད་ལ་སྨན་ཁང་ནང་ཡོད་པའི་ནད་པ་ཚོ་མགྱོགས་
    མྱུར་སེང་དྲག་ཡོང་བའི་སྨོན་ལམ་བཅས་སེམས་ཅན་
    ཐམས་ཅད་བདེ་བ་དམ་པ་དང་མ་བྲལ་བ་ཤོག་སེམས་
    ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་ཤོག་སེམས་ཅན་
    ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མ་
    བྲལ་བར་རྒྱུར་ཅིག་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་
    དངས་ཉིད་དང་བྲལ་ནས་བཏང་སྙོམས་ཆེན་པོ་ལ་གནས་
    པ་རྒྱུར་ཅིག།