སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུའི་འགན་ཁུར་བཀའ་ཤག་ལ་ཡོད་པར་བརྟེན་བདག་དབང་ཡང་བཀའ་ཤག་ལ་ཡོད་པ་རེད་ཅེས་གསུངས་སོང་།དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༤ པའི་སྔ་དྲོར། དྲི་བ་དྲིས་ལན་གྱི་སྐབས་སུ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། དབུ་མའི་ལམ་གྱི་བདག་དབང་དེ་བཀའ་ཤག་ལ་མ་གཏོགས་མེད་པའི་རྒྱུ་མཚན་དང་། མང་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བརྗོད་སོགས་ཀྱི་ལས་འགུལ་སྤེལ་ན་འགྲིག་མིན། དེ་བཞིན་བཀའ་ལན་ལས་འཕྲོས་ཏེ་བཀའ་ཤག་ལ་འགན་ཁུར་ཡོད་པའི་རྐྱེན་གྱིས་བདག་དབང་ཡོད་གསུངས་ཡོད་ཀྱང་། འགན་ཁུར་ཡོད་ན་བདག་དབང་ཡོད་པས་ཁྱབ་ཀྱི་ཡོད་མེད་དང་། གལ་ཏེ་བཀའ་ཤག་ལ་བདག་དབང་ཡོད་པ་ཡིན་ན། མ་འོངས་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཚེ། དེའི་བདག་དབང་ཡང་བཀའ་ཤག་ལ་ཡོད་མེད་དང་། མཛད་གཙོ་རྣམ་པའི་གསུང་བཤད་དང་གཞུང་འབྲེལ་ཡིག་ཆ་ཁག་ནང་དབུ་མའི་ལམ་གྱི་བདག་དབང་དེ་མང་ཚོགས་ལ་ཡོད་སྐོར་འཁོད་ཡོད་ཀྱང་། ད་ལྟའི་བཀའ་ཤག་གམ་སྲིད་སྐྱོང་མཆོག་གིས་དེའི་བདག་དབང་བཀའ་ཤག་ལ་མ་གཏོགས་མེད་ཅེས་གསུངས་དགོས་དོན་ག་རེ་ཡིན་དང་། བུད་མེད་ལྷན་ཚོགས་གཙོས་པའི་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་དབུ་མའི་ལམ་འགྲེལ་བརྗོད་སོགས་བྱེད་པའི་ལས་འགུལ་རིགས་སྤེལ་ཆོག་མིན་སོགས་བཀའ་འདྲི་ཞུས་སོང་བ་དང་། དེ་བཞིན་སྤྱི་འཐུས་སྒྲོལ་མ་ཚེ་རིགས་ལགས་ཀྱིས། བཀའ་ཤག་གོང་མ་དང་ད་ལྟའི་བཀའ་ཤག་གི་དབུ་མའི་ལམ་འགྲེལ་བརྗོད་བྱེད་སྟངས་ལ་ཁྱད་པར་གང་ཕྱིན་ཡོད་མེད་སོགས་བཀའ་འདྲི་གནང་སོང་།
དྲི་བ་དེ་དག་ལ་བཀའ་ལན་གནང་སྐབས་སྲིད་སྐྱོང་མཆོག་གིས། གྲོས་ཚོགས་ནས་དབུ་མའི་ལམ་ལག་བསྟར་བྱེད་རྒྱུའི་དབང་ཆ་དེ་བཀའ་ཤག་ལ་ཕུལ་ཡོད་པར་བརྟེན། བདག་དབང་དེ་བཀའ་ཤག་ལ་ཡོད་པ་དང་དབུ་མའི་ལམ་དེ་གྲོས་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པར་བརྟེན། དེར་བསྒྱུར་བཅོས་བྱེད་རྒྱུའི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་པ་ལས་བཀའ་ཤག་ལ་མེད་སྐོར་དང་། གཞི་རྩའི་ཆ་ནས་དབུ་མའི་ལམ་གྱི་བདག་དབང་དེ་མང་ཚོགས་ལ་ཡོད་ཀྱང་། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ནས་གྲོས་ཚོགས་བརྒྱུད་རྗེས་ལག་བསྟར་བྱེད་རྒྱུའི་དབང་ཚད་བཀའ་ཤག་ལ་སླེས་ཀྱི་ཡོད་སྐོར་དང་། བུད་མེད་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དབུ་མའི་ལམ་འགྲེལ་བརྗོད་བྱེད་ཆོག་གི་ཡོད་ཀྱང་། མི་མང་ནང་ཁུལ་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བཀའ་ཤག་གཉིས་ཀྱི་འགྲེལ་བརྗོད་བྱེད་སྟངས་ཐད་འགལ་ཟླ་བྱུང་ཚེ། བཀའ་ཤག་གི་འགྲེལ་བརྗོད་དེ་གཞུང་འབྲེལ་གྱི་འགྲེལ་བརྗོད་དང་འགྲིག་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཡིན་སྐོར་དང་། ད་ལྟའི་བཀའ་ཤག་གིས་བཀའ་ཤག་སྐབས་གོང་མའི་དབུ་མའི་ལམ་གྱི་ཡིག་ཆ་གཞིར་བཞག་སྟེ་འགྲེལ་བརྗོད་དང་ཡིག་ཆ་འགྲེམ་སྤེལ་བྱས་ཡོད་སྐོར་སོགས་གསུངས་སོང་།ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་བོད་རྒྱ་འབྲེལ་མོལ་དེ་ཕྱི་ལོ་ ༢༠༡༠ ལོར་ཆད་པ་རེད་དམ། ཡང་ན་ ༢༠༡༡ ལོ་ནས་ཆད་པ་ཡིན་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་གྱི་ཚོགས་འདུ་མཐའ་མ་དེ་གནང་བ་ནས་བཟུང་བོད་རྒྱའི་སྐུ་ཚབ་བར་བསྐྱར་དུ་གྲོས་མོལ་བྱུང་མེད་སྟབས། དེ་ནས་བོད་རྒྱ་འབྲེལ་མོལ་མཚམས་ཆད་པར་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་སོང་། ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་སྐུ་ཚབ་གཉིས་ཧོང་ཀོང་ལ་ཕེབས་རྒྱུ་བྱས་ཀྱང་། སྐབས་དེར་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཤིག་མ་འགྲིག་པའི་ཐོག་ནས་སྐུ་ཚབ་གཉིས་ཕེབས་ཐུབ་མེད་སྐོར་ཞིག་གོ་ཐོས་བྱུང་བ་དེ་བདེན་པ་ཡིན་མིན་སོགས་དྲིས་པར་སྲིད་སྐྱོང་མཆོག་གིས། ཧོང་ཀོང་ལ་བོད་ཀྱི་སྐུ་ཚབ་གཉིས་བཏང་བ་དང་མཚམས་དེར་སྲིད་སྐྱོང་གིས་བཀག་འགོག་བྱས་པ་རེད་ཟེར་བ་དེ་དཀྲོག་གཏམ་དང་རྫུན་གཏམ་ཡིན་སྐོར་བཀའ་ལན་གནང་སོང་།
དེའི་རྗེས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས། སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་མ་ཐུབ་པའི་རྒྱུ་རྐྱེན་དྲུག་གསུངས་པ་ལས་འཕྲོས་ཏེ། འདས་པའི་ལོ་ངོ་བཅུ་ལ་ཉེ་བའི་ནང་བོད་རྒྱ་འབྲེལ་མོལ་མཐུད་ཐུབ་མེད་སྐོར་དང་། ད་ལྟ་བོད་རྒྱ་འབྲེལ་མོལ་ཡོང་མ་ཐུབ་པའི་འགན་དེ་སུ་ལ་ཡོད་མེད་སོགས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། བོད་རྒྱ་འབྲེལ་མོལ་ཐད་དེ་སྔའི་བཀའ་ཤག་བཞིན་ད་ལྟའི་བཀའ་ཤག་གིས་ཀྱང་འབད་བརྩོན་གནང་བཞིན་ཡོད་པ་དང་། འཐུས་ཤོར་སོང་བ་ཞིག་ལ་ངོས་འཛིན་གནང་གི་མེད་སྐོར་དང་། ༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་རྗེས། ཆབ་སྲིད་ཀྱི་འགན་བཀའ་ཤག་ལ་ཡོད་ཀྱང་། ༧གོང་ས་མཆོག་ནས་དེ་སྔ་དང་ད་ལྟ་ཡང་བོད་ཀྱི་གནད་དོན་ཐད་ཐུགས་སྣང་གནང་གི་ཡོད་པས། བཀའ་ཤག་ངོས་ནས་༧གོང་ས་མཆོག་གིས་ཐུགས་སྣང་ག་ཚོད་གནང་བའི་བར་འཐུས་ཤོར་གཏོང་གི་མིན་སྐོར་སོགས་གསུངས་སོང་།
དེ་རིང་ལས་ཉིན་ ༤ པའི་སྔོན་རྩིས་བགྲོ་གླེང་ཐོག་སུད་སི་སྐུ་ཚབ་དོན་གཅོད་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད། ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་། ཉི་ཧོང་དོན་ཁང་ཁྱབ་ཁོངས་བོད་ཁང་ཐེབས་རྩ། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་། རུ་སོག་སྐུ་ཚབ་དོན་གཅོད་ཁང་། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་། ཕ་རི་སི་བོད་ཁང་ཐེབས་རྩ། ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་ཁང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་། ལྷོ་ཨ་རི་སྐུ་ཚབ་དོན་གཅོད་ཁང་། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཕྱོགས་བསྡོམས་འགྲོ་གྲོན་དང་། དབུས་འོས་བསྡུ་ལས་ཁང་ཆེད་ཕྱོགས་བསྡོམས་འགྲོ་གྲོན། ལས་བྱེད་འདེམས་བསྐོ་ལྷན་ཁང་ཆེད་ཕྱོགས་བསྡོམས་འགྲོ་གྲོན་བཅས་སྤྱི་མོས་གཏན་འབེབ་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།