སྐུའི་འཕྲོད་བཞེས་ཆེད་དམིགས་བསལ་ཚོགས་འདུ་ཚོགས།

ལ་དྭགས་ཁུལ་གྱི་འབྲེལ་ཡོད་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འདི་ལོ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཕེབས་འཆར་ཡོད་འདུགདེ་རིང་ལ་དྭགས་བསོད་ནམས་གླིང་ས་གནས་འཐུས་ཚོགས་ཀྱི་གོ་སྒྲིག་འོག བསོད་ནམས་གླིང་བོད་མིའི་ཚོགས་ཁང་དུ། ལ་དྭགས་རང་སྐྱོང་ཡར་རྒྱས་ཚོགས་པ་དང་ལ་དྭགས་དགོན་པ་ཚོགས་པ། ལ་དྭགས་ནང་པ་ཚོགས་པ་གཙོ་བོར་གྱུར་བའི་བསོད་ནམས་གླིང་བོད་མིའི་གཞིས་མགོ་དང་ལས་བྱེད་སོགས་འདུ་འཛོམས་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཁུལ་དུ་ཕེབས་སྐབས་སྐུའི་མཛད་འཆར་ཉུང་འཕྲི་དང་སྐུ་ངལ་གསོ་ཆེད་མཇལ་བ་སོགས་མང་པོ་མི་གཏོང་བ་སོགས་ཀྱི་སྐོར་ལ་དམིགས་བསལ་ཚོགས་འདུ་ཞིག་ཚོགས་འདུག

འདི་གའི་གསར་འགོད་པས་ལ་དྭགས་གནས་སྡོད་འབྲེལ་ཡོད་དབང་འདུས་ཕུན་ཚོགས་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཐེངས་འདིའི་ཚོགས་འདུ་ཡི་དགོས་དམིགས་གཙོ་བོ་ནི། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ལ་དྭགས་ནང་བའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་གཙོའི་ཚོགས་མི་ཁག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འདི་ལོར་བསྐྱར་དུ་ལ་དྭགས་ནང་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་ཡོད་པ་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཕེབས་སྐབས་སྐུ་ངལ་གསོ་ཐུབ་པ་དང་། མཛད་རིམ་སོགས་ཉུང་འཕྲི་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་རེད། ཅེས་བརྗོད་བྱུང་།

དམིགས་བསལ་ཚོགས་འདུའི་ཐོག་མར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་མགོ་ཚེ་བརྟན་དབང་ཕྱུག་ལགས་ཀྱིས། ལོ་ལྟར་ལ་དྭགས་ནང་པ་ཚོགས་པ་དང་དགོན་པ་ཚོགས་པ་སོགས་ཀྱིས་འགན་འཁུར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་བསྒྱུར་སྐྱོང་གནང་གི་ཡོད་པ་དེར། བོད་མི་ཚོས་ཚབ་བྱས་ཏེ་ལ་དྭགས་ནང་བའི་ཚོགས་པའི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཡིན་ན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འདིར་ཕེབས་སྐབས་དང་བསྟུན། སྒེར་དང་ཚོགས་པ་མང་པོ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་སར་གདན་འདྲེན་ཞུས་ཏེ་སྐུ་ངལ་གསོ་མ་ཐུབ་པ་ཡོང་གི་ཡོད་པ་རེད། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་བོར་ཕེབས་ཡོད་དུས་ཁོང་ཉིད་ཀྱི་སྐུ་གཟུགས་གནས་སྟངས་སོགས་སྐུ་ན་གཞོན་དུས་དང་འདྲ་བོ་མེད་པས། ང་ཚོ་ལ་དྭགས་དང་བོད་པ་ཚང་མས་དེ་དག་ཚང་མར་བསམ་བློ་བཏང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་བསྒྱུར་སྐྱོང་སྐབས་སྐུ་ངལ་གསོ་ཐུབ་པ་ཞུ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་འདུགདེའི་རྗེས་ལ་དྭགས་ནང་པའི་ཚོགས་གཞོན་པི་ཏི་ཀུན་བཟང་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་སྒྱུར་དང་ལ་དྭགས་ནང་བཞུགས་ཡུན་རིང་འགན་ཚང་མ་ལ་དྭགས་ནང་པ་ཚོགས་པ་དང་དགོན་པ་ཚོགས་པ་གཉིས་ཀྱི་འཁུར་བཞིན་ཡོད་པ་དང་། ཁོ་ཚོའི་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ངལ་ཐད་མཛད་རིམ་དང་མཇལ་ཁ་སོགས་མང་པོ་མི་ཡོང་ཆེད་ཐབས་ཤེས་མང་པོ་གནང་གི་ཡོད་ན་ཡང་། ཚོགས་པ་དང་སྒེར་བ་མང་པོས་གསོལ་འདེབས་ཞུས་ཡོང་དུས་ཐབས་ཤེས་མེད་པ་ཆགས་ཡོང་གི་ཡོད་པ་དང་། གནད་དོན་དེར་ཚང་མར་འགན་ཡོད་དུས་སླད་ཕྱིན་བོད་པ་དང་ལ་དྭགས་པ་ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་སྒྱུར་སྐབས་ས་ཆ་གང་སར་གདན་འདྲེན་མི་ཞུ་བ་དང་། མཇལ་ཁ་སོགས་ཧ་ཅང་མང་པོ་ཞུས་ཏེ་ཁོང་ཉིད་ལ་སྐུ་ངལ་མྱོང་མི་དགོས་པར་སྐུ་ངལ་ཡག་པོ་གསོ་ཐུབ་པ་བྱུང་ན་ཡག་པོ་ཡོད་སྐོར་བརྗོད་འདུག

སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་སྒྱུར་སྐབས་སྐུ་ངལ་ཡག་པོ་གསོ་ཐབས་གནང་རྒྱུ་གལ་ཆེན་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ལ་དྭགས་ཡུལ་མི་དང་བོད་པ་ཚོ་དད་པ་དམ་ཚིག་ཡག་པོ་ཡོད་པ་རེད་ཅེས་གསུངས་བསྡད་ཡོད་པ་ལྟར། ལ་དྭགས་ཡུལ་མི་ཚོ་སྲིད་ཀྱི་ཐད་ནས་ལོག་པ་ཡིན་པ་མ་གཏོགས། ཆོས་དང་རིག་གཞུང་ངོས་ནས་སྟོན་པ་གཅིག་གི་རྗེས་འཇུག་དང་བླ་མ་གཅིག་གི་སློབ་མ་ཡིན་དུས་བོད་པ་ཚོ་གཅིག་པ་ཡིན་པ་དང་། ཁོང་གི་བསམ་ཚུལ་ལྟར་ན། རྗེས་ཕྱོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཆིབས་སྒྱུར་སྐབས་སྒེར་གྱི་མཇལ་ཁ་མི་གཏོང་རྒྱུ་དང་། ཐག་རིང་སོགས་ནས་ཕེབས་པའི་སྐུ་མགྲོན་སོགས་མཇལ་ཁར་མི་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ལ་དྭགས་བོད་མིའི་ས་གནས་འཐུས་མིའི་ཚོགས་གཙོ་དོན་གྲུབ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལོ་ལྟར་ལ་དྭགས་ནང་ཆིབས་སྒྱུར་སྐྱོང་བཞིན་ཡོད་པ་ལྟར། སྔར་ལོ་ལ་དྭགས་ནང་ཆིབས་སྒྱུར་དང་འབྲེལ་སྐུ་ངལ་ཆེན་པོ་བཞེས་ཡོད་པ་དང་། དགུང་ལོ་བགྲེས་བོར་ཕེབས་བཞིན་པ་སོགས་ཀྱིས་སྐུ་ངལ་ཆེན་པོ་བྱུང་སྐོར་བཀའ་ཕེབས་ཡོད་པ་དང་། དེ་བཞིན་ད་ལོའི་ཤེས་རིག་ལས་ཁུངས་དང་ཚོགས་པ་ཁག་ཅིག་གིས་བརྟན་བཞུགས་ཕུལ་སྐབས། བསྐྱར་དུ་ཁོང་ཉིད་དགུང་ལོ་དགྲེས་བོར་ཕེབས་བཞིན་ཡོད་དུས་ས་ཐག་རིང་བོར་ཕེབས་མི་དགོས་པ་དང་། སྐུ་ངལ་ཡག་པོ་གསོ་དགོས་པའི་བཀའ་རིམ་པར་ཕེབས་ཡོད་སྟབས།  ཚོགས་འདུ་འདི་དང་བསྟུན་རྗེས་ཕྱོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ནང་ཕེབས་སྐབས་ས་ཆ་གང་སར་གདན་འདྲེན་མི་ཞུ་བ་དང་མཛད་འཆར་སོགས་ཉུང་འཕྲི་ཞུས་ཏེ། སྐུ་ངལ་ཡག་པོ་ཞིག་གསོ་ཐུབ་པ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply

2 thoughts on “སྐུའི་འཕྲོད་བཞེས་ཆེད་དམིགས་བསལ་ཚོགས་འདུ་ཚོགས།

  1. གཞུང་པ་ཚེ་དབང་བསོད་ནམའ་

    གོང་ས་མཆོག་དགུང་ལོ་མཐོ་བོ་ཕེབས་ནས་སྐུ་ངལ་གསོ་
    དགོས་པ་ཚང་མས་གཟིགས་གི་ཡོད་ན་གདན་འདྲེན་ཞུ་
    རྒྱུ་དེ་གཉིས་མཐུན་མ་སོང།