ཆོས་བརྒྱུད་གཞན་གྱི་བཙུན་མ་ཚོ་ཏོག་ཙམ་ལྷག་ཡོད་པའི་རྣམ་པ་ཐོན་པ་དེ་དབྱེ་འབྱེད་སོགས་མ་རེད།

ཆོས་རིག་ལས་ཁུངས་དེ་སྤྱི་ལ་ཁྱབ་པ་ཞིག་ཆགས་ཀྱི་ཡོད་པས་མ་འོངས་པར་ཆོས་བརྒྱུད་གཞན་གྱི་བཙུན་མ་ལའང་དགེ་བཤེས་མ་དང་འདྲ་བའི་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་གསུངས་སོང་།དེ་རིང་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ ༦ པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་སྐབས། ཆོས་རིག་ལས་ཁུངས་ངོས་ནས་ཆོས་བརྒྱུད་གཞན་ཁག་གི་བཙུན་མ་ཚོར་དགེ་བཤེས་མ་ལྟ་བུའི་སློབ་ཐོན་ཕྱག་འཁྱེར་དང་མཐུན་འགྱུར་རོགས་རམ་ཡོད་མེད་དང་།  འདས་ལོའི་བོད་ཀྱི་བླ་ཆེན་ཁག་གི་ཚོགས་འདུ་ཕྱིར་འགྱང་གནང་དགོས་དོན་ཅི་ཡིན། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་སོགས་བརྗོད་སོང་།

དེ་ཡང་སྤྱི་འཐུས་ཁག་ཅིག་ནས་དགེ་བཤེས་མའི་ལས་གཞིར་བསྔགས་བརྗོད་དང་སྦྲགས། བཙུན་མའི་ཁྲོད་སློབ་གཉེར་དང་གདེང་ཚོད་སྔར་ལྷག་འདུག་པས་རིམ་པས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་ཞབས་བཀྱག་ཐོག་བསླེབ་པའི་རེ་བ་ཡོད་སྐོར་དང་། དགེ་བཤེས་མར་ཕྱག་འཁྱེར་དང་མཐུན་འགྱུར་གནང་པའི་ཉམས་མྱོང་གཞིར་བཞག་ཐོག ཆོས་བརྒྱུད་གཞན་ཁག་གི་བཙུན་མ་ཚོར་གཅིག་མཚུངས་ཀྱི་ལས་གཞི་ཡོད་མེད་སོགས་བཀའ་འདྲི་ཞུས་པར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ད་ལྟའི་དགེ་བཤེས་མའི་ལས་གཞི་དེ་རི་བོ་དགེ་ལྡན་པའི་ལུགས་ལྟར་འགྲོ་བཞིན་ཡོད་པ་དང་། ད་བར་དགེ་བཤེས་མ་སྐབས་གསུམ་ཐོན་ཚར་ཡོད་པ་དང་། འདི་ལོར་གཡུང་དྲུང་བོན་གྱི་དགེ་བཤེས་མའི་ཚད་དང་མཉམ་པའི་སློབ་གཉེར་བ་ཐོན་གྱི་ཡོད་པར་ཆོས་རིག་ལས་ཁུངས་ནས་གཅིག་མཚུངས་ཀྱི་མཐུན་འགྱུར་སོགས་གནང་རྒྱུ་ཡིན་སྐོར་དང་། ལས་གཞི་དེ་ཐོག་མའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཆོས་རིག་ལས་ཁུངས་ནས་གང་ཐུབ་ཀྱིས་འགན་དང་གཞོགས་འདེགས། མཐུན་འགྱུར། ལམ་སྟོན་བཅས་གནང་སྟེ། ད་ལྟ་རང་ཁ་རང་གསོ་ལྟ་བུའི་འགྲོ་སྟངས་ཡག་པོ་ཆགས་ཡོད་སྐོར་དང་། དེ་བཞིན་ཆོས་རིག་ལས་ཁུངས་དེ་སྤྱི་ལ་ཁྱབ་པ་ཞིག་ཆགས་ཀྱི་ཡོད་སྟབས། ཆོས་རིག་ལས་ཁུངས་ངོས་ནས་རོགས་འདེགས་དང་ལམ་སྟོན་གནང་བ་ལས། འགན་འཁུར་གཙོ་བོ་དེ་ཚོགས་པ་སོ་སོས་འཁུར་གྱི་ཡོད་པ་དང་། ཆོས་བརྒྱུད་གཞན་གྱི་བཙུན་མ་ཚོ་ཏོག་ཙམ་ལྷག་ཡོད་པའི་རྣམ་པ་ཐོན་པ་དེ་ནི་དབྱེ་འབྱེད་དང་རྩོད་པའམ། ཡང་ན་ཁོ་ཚོ་ལས་གཞིའི་ནང་མཉམ་ཞུགས་མ་བྱས་པ་ཕལ་ཆེར་མ་རེད། དགོངས་འཆར་གནང་བ་བཞིན་ལོ་འདིའི་རྩིས་མགོའི་ནང་འདི་ལྟར་འཁུར་ཚར་ཡོད་ཀྱང་། ལོ་རྗེས་མའི་རྩིས་མགོའི་ནང་དགེ་བཤེས་མ་དང་ལྷན་དུ་ཆོས་བརྒྱུད་གཞན་གྱི་རྩིས་མགོ་དང་འགྲེལ་བརྗོད་བྱས་པ་ཞིག་འཁུར་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཀྱིས་བོད་ཀྱི་བླ་ཆེན་ཁག་གི་ཚོགས་འདུ་དང་འབྲེལ། གལ་སྲིད་མ་འོངས་པར་བླ་ཆེན་ཁག་ཚང་འཛོམས་མ་བྱུང་ཚེ། བླ་ཆེན་ཁག་གི་ཚོགས་ཆེན་དེ་ཚོགས་མི་ཐུབ་པ་གཏན་འཁེལ་གནང་ཡོད་མེད་བཀའ་འདྲི་ཞུས་པར་ཆོས་རིག་བཀའ་བློན་མཆོག་གིས། ཉེ་ཆར་བླ་ཆེན་ཁག་གི་ཚོགས་འདུ་ཕྱིར་འགྱང་བྱུང་བར་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོ་དང་སྐུ་མགྲོན་མང་པོར་བརྡབ་གསིག་བྱུང་ཡོད་པ་དང་། དེ་ནི་ཟློག་ཐབས་མེད་པའི་གནས་སྟངས་ཤིག་གི་འོག་བྱུང་བས་དེར་དགོངས་སེལ་ཞུ་རྒྱུ་ཡིན། འདས་ལོའི་བླ་ཆེན་ཁག་གི་ཚོགས་འདུ་དེར་བླ་ཆེན་རྣམ་གཉིས་མེད་པའི་རྐྱེན་གྱིས་ཕྱིར་འགྱང་གནང་བ་ཞིག་མིན་པར། སྔོན་སོང་གསལ་བསྒྲགས་བཞིན་གློ་བུར་དུ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དང་། ཚོགས་ཆེན་ཐོག་བླ་ཆེན་གང་འཛོམས་འཛོམས་ཤིག་ཡོང་བར་དགོངས་པ་བཞེས་ཀྱི་ཡོད་པས་ཡིན་སྐོར་གསུངས་སོང་།

གྲོས་ཚོགས་ཀྱི་ལས་ཉིན་དང་པོ་ནས་བཟུང་སྤྱི་འཐུས་མང་པོས་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ཐད་ཐེ་བྱུས་ཡང་ཡང་བྱེད་ཀྱི་ཡོད་པ་དེར་སྐྱོན་བརྗོད་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་དགོངས་ཚུལ་བཏོན་སོང་བ་དང་། དེ་རིང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས།  ཉེ་ཆར་རྒྱལ་སྤྱིའི་གསར་ཁང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་ལ་བཅར་འདྲི་ཞིག་གནང་བར་རྒྱ་ནག་གཞུང་གི་མགྲིན་ཚབ་པས་ལན་འདེབས་ལྟ་བུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ད་ལྟའི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་ཆ་ཚང་རྩིས་མེད་རྡོག་རོལ་གཏོང་མཁན་ཞིག་ཆགས་ཡོད་པ་དང་། སྤྲུལ་སྐུ་ངོས་འཛིན་བྱེད་པའི་གཞི་རྩའི་ཆ་རྐྱེན་གཅིག་ནས་སྐྱེས་པ་སྔ་ཕྱི་ཁས་ལེན་བྱེད་དགོས་པ་དང་། གཉིས་ནས་བླ་མ་གང་ཞིག་ངོས་འཛིན་བྱེད་པར་བླ་མ་དེར་ཡིད་ཆེས་དང་དད་པ་དགོས་པ་སོགས་ཡིན་པས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འོག བོད་རྒྱ་གཉིས་འདྲ་མཉམ་གྱི་རང་དབང་ཐོག་ནས་སྐད་ཆ་བཤད་པའི་དུས་ཤིག་མ་ཤར་བར་དུ། རྒྱ་ནག་གཞུང་ལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༢༥

Leave a Reply