གློ་ཚེ་རོག་གཞིས་གྲོང་དུ་ས་ཉིལ་བྱུང་།

བལ་ཡུལ་སྤོག་རའི་ཁྱབ་ཁོངས་གློ་ཚེ་རོག་བོད་མིའི་གཞིས་གྲོང་ནང་ས་ཉིལ་བྱུང་སྟེ་སྨན་ཁང་དང་སྤྱི་པའི་གསང་སྤྱོད་འཁྲུས་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་འདུགཁ་སང་ཞོགས་སྔ་ཆུ་ཚོད་ ༣ ཡས་མས་ཙམ་ལ། བལ་ཡུལ་གྱི་སྤོག་ར་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་གློ་ཚེ་རོག་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་ནང་ས་ཉིལ་བྱུང་སྟེ། གཞིས་ཆགས་དེའི་སྨན་ཁང་དང་། སྤྱི་པའི་གསང་སྤྱོད་དང་འཁྲུས་ཁང་། དེ་བཞིན་འགྲོ་ལམ་བཅས་ལ་གནོད་སྐྱོན་བཟོས་ཡོད་པ་དང་། འབྱུང་བའི་གནོད་སྐྱོན་བྱུང་རྗེས་ས་གནས་རྫོང་གི་མགོ་འཁྲིད་དང་སྤོག་ར་བོད་མིའི་ས་གནས་མགོ་འཛིན་བཅས་ཕེབས་ཏེ་ས་གནས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་འདུག

འདི་གའི་གསར་འགོད་པས་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ད་ལྟའི་ས་གནས་ཀྱི་གནས་སྟངས་སྐོར་དྲིས་པར་ཁོང་གིས། གནོད་སྐྱོན་བྱུང་ས་བོད་མིའི་གཞིས་ཆགས་གཅིག་པུ་མིན་པར་གཡས་གཡོན་གྱི་གྲོང་པར་ཡང་བྱུང་ཡོད་པ་རེད། ས་ཉིལ་ནས་སྤྱི་པའི་འཁྲུས་ཁང་དང་གསང་སྤྱོད་འགའ་ཡོད་པ་ཚང་མ་བརྡིབས་ཡོད་པ་དང་། ས་གནས་ཀྱི་ཡན་ལག་སྨན་ཁང་ཆུང་ཆུང་ཞིག་ཡོད་པ་དེར་གནོད་སྐྱོན་བྱུང་འདུག ཡིན་ནའང་མི་མང་གི་སྡོད་ཁང་དང་མི་མང་ལ་སྐྱོན་བྱུང་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་ཁ་སང་སྤོག་ར་ས་གནས་མགོ་འཛིན་དང་ས་གནས་རྫོང་གི་རྫོང་དཔོན་བཅས་གནད་ཡོད་མི་སྣ་གོད་ཆག་བྱུང་ཡུལ་དུ་དངོས་སུ་ཕེབས་ཏེ་གཟིགས་ཞིབ་གནང་ཡོད་པ་དང་།  ས་གནས་ཀྱི་དམག་མི་ ༣༠ ཙམ་དང་ཡུལ་མི་ ༥༠ ཙམ་གྱིས་བསྐྱར་དུ་ས་ཉིལ་མི་ཡོང་ཆེད་ཉེན་ཁ་ཡོད་སར་རྡོ་དང་སའི་རགས་རྩིག་བཞིན་ཡོད་པདང་། ས་གནས་རྫོང་གིས་རོགས་སྐྱོར་གུན་གསབ་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་སྐོར་བརྗོད་བྱུང་།གཞིས་གྲོང་དེ་ཀཱ་ལི་གྷན་དྷ་ཀི་གཙང་པོ་ (Kali Gandaki River) རྒྱུད་དུ་ཆགས་ཡོད་པའི་རྐྱེན་གྱིས་ས་ཉིལ་བྱུང་ཡོད་པ་དང་། སྤྱིར་སྔོན་ཆད་ས་གནས་དེའི་ཁུལ་དུ་ས་ཉིལ་ཐེངས་མང་བྱུང་སྟེ། གཙང་པོ་དེའི་རྒྱུད་ཀྱི་ཟམ་པ་དང་གཞུང་ལམ་ལ་གནོད་སྐྱོན་ཡང་ཡང་བྱུང་དང་འབྱུང་བཞིན་ཡོད་ནའང་། བོད་མིའི་གཞིས་ཆགས་དེར་ས་ཉིལ་བྱུང་བ་ཐེངས་དང་པོ་ཡིན་པ་བརྗོད་བྱུང་།

གློ་ཚེ་རོག་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་ལ་ཁྱིམ་ཚང་ ༥༠ ཙམ་དང་བོད་མི་ ༢༠༠ ལྷག་ཡོད་པ་དང་། ས་ཉིལ་ཁྲོད་ས་གནས་སློབ་གྲྭ་ལ་གནོད་སྐྱོན་ཐེབས་མེད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply