སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་མཁན་ལོ་རེ་བཞིན་འཕར་བཞིན་ཡོད།

འཕྲོད་བསྟེན་བཀའ་བློན་མཆོག་ནས་ད་བར་སྨན་བཅོས་ལྟ་སྐྱོང་ལས་གཞིར་ཚུར་ཡོང་སྒོ་ལས་འགྲོ་སྒོ་ཆེ་བ་ཡོད་པ་དང་མ་འོངས་པར་འཛུལ་ཞུགས་བྱེད་མཁན་འཕར་ནས་དམིགས་ཚད་ཟིན་པ་ཞིག་བྱུང་བ་ཡིན་ན་རང་ཁ་རང་གསོ་ཐུབ་པ་ཡོང་གི་ཡོད་སྐོར་གསུངས་སོང་།
དེ་རིང་གྲོས་ཚོགས་ལས་ཉིན་ ༧ པའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་སྐབས། སྤྱི་འཐུས་ཁག་ཅིག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གནས་བབ་དང་མ་འོངས་པར་དམིགས་ཚད་ག་འདྲ་ཞིག་བཟུང་ཡོད་མེད་སོགས་དྲིས་པར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐད་དམིགས་ཚད་ཡག་པོ་བཟུང་ཡོད་པ་དང་། མ་འོངས་པར་ལོ་རེ་བཞིན་ལས་གཞིའི་ཁོངས་སུ་འཛུལ་མཁན་འཕར་ནས་དམིགས་ཚད་བཟུང་བ་དེར་སྙོབ་ཐུབ་པ་ཡིན་ན། སྨན་བཅོས་ལྟ་སྐྱོང་ལས་གཞི་མུ་མཐུད་གནས་ཐུབ་པ་དང་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་ནས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་སྐོར་བསྔགས་བརྗོད་གནང་བ་དང་སྦྲགས། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་འཛུལ་མཁན་མུ་མཐུད་མི་མང་པོ་ཡོང་ཐབས་ག་རེ་ཡོད་མེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་གྱི་ཁྱབ་ཁོངས་ལས་བྱེད་ཚོ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚུད་ཐབས་དང་རེ་བ་ག་རེ་ཡོད་མེད། ལས་གཞི་དེའི་ནང་ལོ་རེར་མི་ག་ཚོད་འཛུལ་གྱི་ཡོད་མེད་སོགས་དྲིས་སོང་པར། འཕྲོད་བསྟེན་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་གླ་ཕོགས་ཀྱི་ཐོག་ནས་སྨན་དོད་ཡར་འབུལ་གྱི་ཡོད་པ་དང་། གང་ཟག་དེར་ནད་དང་ན་ཚ་བྱུང་བ་ཡིན་ན་སྨན་དོད་བརྒྱ་ཆ་བརྒྱ་ཆ་ཚང་སྤྲོད་བཞིན་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི་ལས་སྨན་དོད་བརྒྱ་ཆ་བརྒྱ་ཚང་མ་འབུལ་ཐུབ་ཀྱི་མེད་སྟབས། དེ་ལྟ་བུའི་གནས་སྟངས་ཤིག་གི་འོག་ནས་དཀའ་ལས་ཏོག་ཙམ་ཡོང་གི་ཡོད་པ་དང་། དེ་བཞིན་སྡེ་ཚན་ཁག་གཞན་དག་དང་དགོན་སྡེ་ལྟ་བུར་མཚོན་ན། སོ་སོའི་ངོས་ནས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཞིག་སྤེལ་བཞིན་ཡོད་དུས། དེ་དག་ཡོད་བཞིན་དུ་ལས་གཞི་འདིར་འཛུལ་དགོས་པ་རེད། འདིར་འཛུལ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་བསྡད་ན་ཡག་པོ་མེད་སྐོར་སོགས་གསུངས་སོང་།ཡང་ཁོང་གིས་སྨན་བཅོས་ལྟ་སྐྱོང་ཁོངས་སུ་ལོ་རེ་བཞིན་འཛུལ་མཁན་ཇེ་མང་ལས་ཇེ་ཉུང་དུ་འགྲོ་བཞིན་མེད་པ་དང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོར་མི་ ༡༩༦༤༡ དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་མི་ ༡༤༠༦༡། ཕྱི་ལོ་ ༢༠༡༧ དང་༢༠༡༨ ལོར་མི་ ༢༤༡༥༥། ཕྱི་ལོ་ ༢༠༡༨ དང་༢༠༡༩ ལོར་མི་གྲངས་ ༢༤༣༢༡ བཅས་འཛུལ་ཞུགས་བྱས་ཏེ་ལོ་རེ་བཞིན་འཕར་བཞིན་པ་ལས་ཇེ་ཉུང་འགྲོ་བཞིན་མེད་པ་དང་། གཙོ་བོ་ལོ་རེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་མཁན་གྱི་གྲངས་འབོར་དེ་འཕར་བསྡད་པ་ཡིན་ན། མ་འོངས་པར་དམིགས་ཚད་རང་ལ་སླེབས་ཐུབ་པ་དང་སྨན་བཅོས་ལྟ་སྐྱོང་ནང་དུ་མི་གྲངས་སྟོང་ ༤༠ ཙམ་བསླེབ་ཐུབ་པ་ཡིན་ན། སོ་སོའི་རྐང་མགོར་ལངས་ཐུབ་པ་བྱུང་སྟེ་རང་ཁ་རང་གསོ་ཐུབ་པའི་གནས་སྟངས་ཤིག་ཆགས་ཐུབ་སྐོར་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་ཞིང་གཤེགས་དམ་པ་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་བོད་མིའི་སྤྱི་ཚོགས་ལ་བློ་སེམས་དཀར་བའི་སྐྱེས་བུ་ཞིག་ཡིན་པས་ཁོང་ལ་མྱ་ངན་རྗེས་དྲན་དང་། བླ་སྨན་པ་རྟ་མགྲིན་ལགས་དང་བླ་སྨན་པ་ས་འདུ་ཚེ་བརྟན་ལགས་སོགས་བོད་མི་ཚོས་སྐྱབས་བཅོལ་ས་ལྟ་བུར་གྱུར་ཡོད་པས། ཁོང་གཉིས་ལ་ཆེད་བསྟོད་གཟེངས་རྟགས་སོགས་འབུལ་དགོས་སྐོར་དང་། ཅན་དྷི་གྷར་དུ་རྟེན་གཞི་བྱས་པའི་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ལོ་མང་རིང་བོད་པ་ཚོར་སྒེར་ངོས་ནས་རོགས་རམ་གནང་པ་དང་། ད་ལྟ་ཁོང་མོར་སྡོད་གནས་སོགས་ཀྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་དེར་རོགས་སྐྱོར་གནང་ཐུབ་མིན་སོགས་བཀའ་འདྲི་ཞུས་སོང་།དེའི་སྐོར་ལ་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་ལ་མཚོན་ན། བོད་མིའི་སྤྱི་ཚོགས་ལ་ཕྱག་ལས་རྒྱ་ཆེན་གནང་མཁན་ཞིག་ཡིན་པ་དང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཁོང་གི་སྐོར་ནས་ལོ་རྒྱུས་སོགས་གང་ཐུབ་བསྡུ་རུབ་གནང་རྒྱུ་དང་། དེ་བཞིན་བླ་སྨན་པ་རྟ་མགྲིན་ལགས་དང་ཚེ་བརྟན་ལགས་གཉིས་ལ་མཚོན་ན། སྤྱི་ཚོགས་ལ་ཕན་ཁེ་ཆེན་པོ་སྒྲུབ་མཁན་ཆགས་ཡོད་དུས། བཀུར་འོས་སྤྱི་འཐུས་རྣམ་པས་གསུངས་པ་བཞིན་དེ་དག་གི་ཐད་འཕྲོད་བསྟེན་ལས་ཁུངས་ངོས་ནས་ངོས་ལེན་གཙང་མ་གནང་གི་ཡོད་དང་། ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱི་སྐོར་ལ་ཆ་རྒྱུས་དང་ལས་ཀའི་ངོ་བོའི་ཐོག་ནས་འབྲེལ་བ་ཆགས་བསྡད་ཡོད་པ་དང་། དེ་སྔོན་ཚོགས་འདུ་སོགས་སུ་སྐད་བཏང་བ་བྱུང་ཡོད་ཀྱང་སྐབས་དེ་དག་ཏུ་ཐག་ཉེ་བོའི་ཐོག་ནས་བཀའ་མོལ་གནང་ཐུབ་པ་སོགས་བྱུང་མེད་པ་དང་། དེ་ལྟ་བུ་མ་བྱུང་དུས་དོ་བདག་སོ་སོ་ལ་དཀའ་ངལ་ག་རེ་ཡོད་དང་དམིགས་ཡུལ་ག་རེ་ཡོད་སོགས་རྟོགས་ཐུབ་མེད་པ་དང་། དེ་བཞིན་མོ་ལ་རེ་བ་དང་དམིགས་ཡུལ་ག་རེ་ཡོད་སོགས་དྲིས་པ་ཡིན་ན་མ་བདེ་བ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་། དེ་རིང་བཀུར་འོས་སྤྱི་འཐུས་ཚོས་གླེང་སློང་བྱས་ཡོང་དུས་རོགས་རམ་བྱ་དགོས་པ་རེད་ལ། རོགས་རམ་དེ་ཡང་ལས་འཆར་ཞིག་གི་ངོ་བོའི་ཐོག་ནས་གནང་སྟངས་གནང་ལུགས་ཚད་དང་ལྡན་པ་དང་ཚུལ་དང་མཐུན་པ་ཞིག་ཡོང་ཐུབ་པ་བྱ་དགོས་སྐོར་གསུངས་སོང་།སྤྱི་འཐུས་ཁག་ཅིག་ནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་བུད་མེད་སྦྲུམ་མ་ཚོའི་ཟས་བཅུད་དང་འཚོ་བཅུད་སྐོར་ལ་དམིགས་བསལ་ལས་གཞི་དང་མཐུན་རྐྱེན་སོགས་ཡོད་མེད་དང་། དེ་བཞིན་སློབ་གྲྭ་ཁག་གི་སློབ་ཚན་ནང་འཁྲིག་སྤྱོད་སྐོར་གྱི་རྒྱུན་ཤེས་སློབ་ཚན་སྣོན་དགོས་པ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་བ་དང་། དེའི་སྐོར་འཕྲོད་བསྟེན་བཀའ་བློན་མཆོག་ནས་བུད་མེད་སྦྲུམ་མ་ཚོར་འཚོ་བཅུད་སོགས་ཀྱི་སྐོར་དེ། གློ་བའི་གཉན་ཚད་ཀྱི་ནད་གཞི་དང་འདྲ་བར་སྨན་བཅོས་ལྟ་སྐྱོང་ནང་ཚུད་ཀྱི་མེད། རྒྱུ་མཚན་ནི་སྦྲུམ་མ་ཚོ་ནད་པ་གཞན་ལྟར་སྨན་ཁང་དུ་གཤག་བཅོས་དང་ཉལ་དགོས་པ་སོགས་བྱུང་གི་མེད་པར་བརྟག་དཔྱད་བྱས་ཏེ་སྨན་ཟ་བ་ལས་གཞན་མེད་དུས། སྨན་བཅོས་ལྟ་སྐྱོང་ནང་དམིགས་བསལ་ལས་གཞི་དང་མཐུན་རྐྱེན་སོགས་མེད་པ་དང་། དེ་དག་གི་ཆེད་དུ་ལམ་ཀ་གཉིས་པ་ཞིག་རྩིས་མགོ་ཨང་གཉིས་པའི་ནང་ཨ་མ་དང་བྱིས་པའི་འཕྲོད་བསྟེན་སྐོར་ནས་ཚད་ལྡན་གྱི་རྒྱབ་གཉེར་ཡོད་པ་ཚོར་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད། གཞན་སློབ་གྲྭ་ཁག་གི་ནང་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་སྐོར་དེ་ན་ནིང་ལོ་ནས་སློབ་གྲྭ་ཁག་གི་དགེ་རྒན་ཚོ་དང་། མདུན་ལམ་ལམ་སྟོན་པ་དང་སློབ་སྤྱི་སོགས་གདན་འདྲེན་བྱས་ཏེ་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་ཟབ་སྦྱོང་སྤྲད་ཡོད་ལ། ཟབ་སྦྱོང་སྐབས་སློབ་ཕྲུག་བུ་མོ་ཚོའི་ཟླ་མཚན་སྐོར་དང་བྱིས་པ་ཆུང་ཆུང་ཚོར་འཁྲིག་སྤྱོད་སྐོར་ལ་སློབ་གསོ་ག་འདྲ་སྤྲོད་དགོས་པ། ལྷག་པར་དུ་བྱིས་པ་ཚོར་ལྐོག་ནས་འཁྲིག་སྤྱོད་སོགས་བརྙས་བཅོས་བྱས་པ་སྔོན་འགོག་ག་འདྲ་དགོས་པ་དང་། རྒྱ་གར་གཞུང་ངོས་ནས་དེ་དག་གི་ཐད་ཁྲིམས་གཞི་གཏན་འབེབ་ཡོད་པ་སློབ་གྲྭ་ཁག་གི་ནང་ལག་བསྟར་ཐད་རོགས་སྐྱོར་གནང་བ་སོགས་བྱས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

 

 

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply

One thought on “སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་མཁན་ལོ་རེ་བཞིན་འཕར་བཞིན་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམའ་

    སྨན་བཙོས་བལྟ་སྐྱོང་ལས་གཞི་འདི་བཙན་བྱོལ་མི་མང་གི་འཕྲོད་བསྟེན་ལ་
    འགན་སྲུང་ཐུབ་པའི་འཕྲོད་བསྟེན་གྱི་ལས་གཞི་གལ་ཆེན་ལ་སོང་ཁྲིམས་དང་
    སྒྲིག་གཞིའི་ལམ་སྟོན་འོག་ནས་ལས་དོན་ཚགས་ཚུད་དགོས་རྒྱུ་དེ་གལ་ཆེན་
    དོན་ཆེན་ཞིག་ཡིན་པའི་ངོས་ཞུ་གི་ཡོད།