བོད་ནང་ཕྱི་མི་འགྲོ་སྐྱོད་བྱེད་པར་སྔར་བཞིན་དམ་དྲག་བྱེད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཞིན་ཅང་ཁུལ་དུ་ལྟ་ཞིབ་སླད་ཡོང་བར་གདན་འདྲེན་ཞུས་ཡོད་ཀྱང་གྲ་སྒྲིག་དང་གཟབ་ནན་དགོས་གལ་ཆེ་སྐོར་གསུངས་ཏེ་དང་ལེན་གནང་མི་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་བོད་ནང་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་ཡོད་སྐོར་སྙན་ཐོ་ཞིག་བཏོན་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་གཙོས་རང་དབང་ཅན་གྱི་གསར་འགོད་པ་དང་། ཕྱིའི་མི་སེར་དཀྱུས་མ་སོགས་བོད་ནང་འགྲོ་བར་སྒྲིག་འཛུགས་ལྡན་པའི་ཐོག་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། བོད་ནང་འགྲོ་འོང་འདྲ་མཉམ་གྱི་གནས་སྟངས་དེ་སྔོན་བཞིན་བཀག་སྡོམ་འོག་གནས་ཡོད་སྐོར་བརྗོད་ཡོད་པ་རེད།

སྙན་ཐོ་དེ་ནི་ཨ་རིའི་གཞུང་ནས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་གཏན་འབེབས་བྱས་རྗེས། ཉིན་གྲངས་ ༩༠ ནང་ཚུད་དུ་བོད་ནང་ཕྱིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་སྐོར་བ་བཅས་འགྲོ་སྐྱོད་བྱེད་པར་བཀག་འགོག་ཇི་ཙམ་བྱེད་ཀྱི་ཡོད་མེད་སྐོར་སྔར་ལོ་དང་གཤིབ་བསྡུར་བྱས་ཏེ་བཏོན་པ་ཞིག་ཡིན་འདུག

ཐེངས་འདིའི་སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་བའི་བོད་ཁུལ་ཡོངས་ནང་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་དང་ལས་བྱེད་པ། གསར་འགོད་པ། དེ་བཞིན། ཡུལ་སྐོར་བ་སོགས་སྐོར་སྐྱོད་བྱེད་པར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་པ་དང་།  རྒྱལ་སྤྱིའི་ཡུལ་སྐོར་བ་ཚོ་བོད་ནང་འགྲོ་སྐྱོད་བྱེད་པར་རྒྱ་ནག་གཞུང་གི་མཐོང་མཆན་ཞུ་དགོས་ཀྱི་ཡོད་མོད། འོན་ཀྱང་། རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་གཙོ་བོར་གྱུར་བའི་ལས་བྱེད་ཚོ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་པར་རྒྱུན་དུ་བཀག་སྡོམ་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་བར་མཐོང་མཆན་ཐོབ་ཀྱི་ཡོད་ཀྱང་། ནམ་རྒྱུན་ཚོར་བ་སྐྱེན་པའི་དུས་ཚེས་སོགས་ལ་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་ལ། ཨ་རིའི་གཞུང་འབྲེལ་མི་སྣ་བོད་རང་སྐྱོང་ལྗོངས་ནང་མངགས་པ་ཡིན་ན་དམ་དྲག་ཤུགས་ཆེན་འོག་འགྲོ་དགོས་ཀྱི་ཡོད། ཅེས་བརྗོད་འདུག

ཡང་སྙན་ཐོའི་ནང་།   ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་ཚབ་མི་སྣ་ ༩ བོད་རང་སྐྱོང་ལྗོངས་ནང་སྐོར་སྐྱོད་བྱེད་པར་མཐོང་མཆན་ཞུས་ཡོད་པའི་ནང་ནས་མི་ ༤ ལ་མཐོང་མཆན་སྤྲད་ཡོད་པ་དང་། ཁོ་ཚོའི་ནང་ནས་མི་གསུམ་ནི་བོད་ནང་དང་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་ཞིབ་འཇུག་བྱེད་མཁན་ཡིན་པ་དང་། གཅིག་ནི་ཨ་རིའི་གཞུང་ཚབ་པ་བོད་ནང་སྐྱོད་པར་གོ་སྒྲིག་བྱེད་མཁན་ཞིག་ཡིན་པ་ལས། གཞུང་ཚབ་པ་སོགས་གཞན་གནད་ཡོད་མི་སྣ་གཅིག་ཀྱང་བཏང་མེད་སྐོར་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པས་མཐོང་མཆན་ཐེངས་གཉིས་ཞུས་ཡོད་ནའང་། རྒྱུ་མཚན་གང་ཡང་མ་བཤད་པར་མཐོང་མཆན་གཅིག་ཀྱང་སྤྲད་་མེད་སྐོར་དང་། དེ་བཞིན། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཅིག་བོད་རང་སྐྱོང་ལྗོངས་ནང་སྐོར་སྐྱོད་བྱེད་པར་མཐོང་མཆན་ཐོབ་ཡོད་ཀྱང་། དངོས་སུ་བོད་ནང་ཕྱིན་སྐབས་རྒྱ་ནག་གཞུང་གིས་ལས་བྱེད་མངགས་གཏོང་གིས་ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་ཡོངས་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེན་བྱས་ཡོད་སྐོར་སོགས་བརྗོད་འདུག

གཞན་ཡང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་།  རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་ཞིན་ཅང་ཁུལ་གྱི་མི་མང་ས་ཡ་ ༡ ལྷག་བཀག་སྐྱིལ་འོག་བཞག་ཡོད་པར་སྐྱོན་བརྗོད་དང་གནོད་ཤུགས་སྤྲོད་བཞིན་ཡོད་པའི་སྐབས་འདིར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་ཡུ་རོབ་ནང་ལོ་འཁོར་ཚོང་འབྲེལ་གྲོས་མོལ་ཆེད་བསླེབས་ཡོད་པ་དང་བསྟུན།  ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཞིན་ཅང་ཁུལ་དུ་ལྟ་ཞིབ་སླད་ཡོང་བར་གདན་འདྲེན་ཞུས་ཡོད་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱིས་གདན་ཞུ་དེ་འདྲ་རིགས་ལ་ཡིད་གཟབ་དང་གྲ་སྒྲིག་ལེགས་པོ་བྱས་ཏེ་འགྲོ་རྒྱུ་གལ་ཆེན་ཡིན་སྟབས། རྒྱ་ནག་གི་གདན་འདྲེན་ངོས་ལེན་མ་བྱས་པར་མ་འོངས་པར་ཡོང་གི་ཡིན་སྐོར་བརྗོད་ཡོད་འདུག

བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་ནི་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་  ༡༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་བཀོད་དེ་དངོས་སུ་ཁྲིམས་ཆགས་ཡོད་པ་དང་།  ཁྲིམས་གཞི་དེའི་འོག་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དང་གསར་འགོད་པ། སློབ་མ། སློབ་གསོ་བ། དེ་བཞིན་མི་སེར་བཅས་གང་འདོད་དུ་ཨ་རིར་ཡོང་ཆོག་པ་ནང་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་དང་རང་དབང་ཅན་གྱི་གསར་འགོད་པ།  ཡུལ་སྐོར་བ་བཅས་བོད་ནང་རང་དབང་ཐོག་སྐྱོད་ཆོག་པ་བཟོས་ཏེ། ཨ་རི་དང་རྒྱ་ནག་བར་ཕན་ཚུན་འདྲ་མཉམ་གྱི་འགྲོ་འོང་ཐོབ་ཐང་སྤྲོད་དགོས་ལུགས་བཏོན་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply