མངའ་ཁོངས་བདག་དབང་ཆེད་ས་ཁྲ་ཁྲི་མང་པོ་རྩ་མེད་བཏང་།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཐའེ་ཝན་དང་བོད་ལྷོ་རྒྱུད་ཀྱི་ཨ་རུ་ན་ཅལ་གཉིས་ནི་རྩ་ཆེ་ཞིང་ཉམས་དམས་གཏོང་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་རེད་ཟེར།
དེ་རིང་རྒྱ་གར་ཧིན་དྷུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་ནང་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་ཡོད་པའི་སྒོ་ཁྲལ་ལས་ཁུངས་ཀྱི་གཞུང་འབྲེལ་མི་སྣ་སྐོར་ཞིག་གིས་ལས་ཁུངས་ཤིག་ལ་སྔོག་བཤེར་བྱས་པ་བརྒྱུད། རྒྱ་ནག་གི་ཨན་ཧེ་ཞིང་ཆེན་ (Anhui) ནང་དབྱིན་ཡིག་ཐོག་པར་བསྐྲུན་བྱས་པའི་འཛམ་གླིང་གི་ས་ཁྲ་གྲངས་ ༢༨༩༠༨ ལྷག་ཡོད་པའི་སྒམ་ ༨༠༣ རྙེད་སོན་བྱུང་བ་དང་། ས་ཁྲའི་ནང་ཐའེ་ཝན་དེ་རང་སྐྱ་འཕེར་བའི་རྒྱལ་ཁབ་ཅིག་དང་ཨ་རུ་ན་ཅལ་རྒྱ་གར་གྱི་ཆ་ཤས་ཡིན་པ་འཁོད་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ལ་གནོད་སྐྱེལ་བཞིན་ཡོད་སྐོར་བརྗོད་དེ་ས་ཁྲ་ཡོངས་རྫོགས་རྩ་མེད་བཟོས་ཡོད་འདུག

ཧྲན་ཏུང་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་བློན་ཆེན་ལས་ཁུངས་ཀྱི་ལས་མི་མཱ་ཝེ་ (Ma Wei) ཟེར་བ་ཞིག་གིས། འཛམ་གླིང་གི་ས་ཁྲ་དེ་ཚོ་གསང་རྒྱའི་ངང་ས་ཆ་གཞན་ཞིག་ལ་འཁྱེར་ནས་རྩ་མེད་བཟོས་ཡོད་པ་དང་། ཨན་ཧེ་ཞིང་ཆེན་གྱི་བཟོ་ལས་ཁང་ཞིག་གིས་དཔར་བའི་འཛམ་གླིང་གི་ས་ཁྲ་དེ་ཚོ་ཕྱིའི་རྒྱལ་ཁབ་ཁག་ཅིག་ནང་ཕྱིར་འདྲེན་བྱ་རྩིས་ཡོད་པ་དང་། མ་དག་པའི་ས་ཁྲ་དེ་ཚོས་རྒྱ་ནག་གི་མངའ་ཁོངས་ཡང་དག་པ་བརྗོད་ཐུབ་ཀྱི་མེད་པ་དང་། དེའི་ནང་བོད་ལྷོ་རྒྱུད་ཀྱི་ས་ཁོངས་དང་ཐའེ་ཝན་ཚུད་མེད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གི་ཕྱི་འབྲེལ་གཙུག་ལག་སློབ་ཁང་གི་རྒྱལ་སྤྱིའི་ཁྲིམས་ལུགས་ཚན་པའི་ལོའུ་ཝཱན་ཙང་(Liu Wenzong)ཟེར་བ་ཞིག་གིས། རྒྱ་ནག་གཞུང་གིས་ས་ཁྲའི་ཁྲོམ་རར་གང་བྱས་པ་དེ་དབང་ཚད་ཡོད་པ་དང་དགོས་ངེས་ཅན་ཞིག་རེད། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ནི་རྒྱལ་ཁབ་ཅིག་གི་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཐའེ་ཝན་དང་བོད་ཀྱི་ལྷོ་རྒྱུད་ཨ་རུ་ན་ཅལ་གཉིས་ནི་རྩ་ཆེ་ཞིང་ཉམས་དམས་གཏོང་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་རེད། གལ་ཏེ་མ་དག་པའི་ས་ཁྲ་དེ་ཚོ་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱས་ཚེ། དེས་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་ཕུག་རྒྱང་རིང་བོར་གནོད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དང་ཐའེ་ཝན་སོགས་རྒྱ་ནག་གི་ཆ་ཤས་ཡིན་པས་མངའ་ཁོངས་བདག་དབང་ཡོད་སྐོར་བརྗོད་དེ། རྒྱ་གར་དང་ཐའེ་ཝན་མཚོ་འགག་ལ་ཡང་ཡང་གདོང་ཐུག་བྱུང་གི་ཡོད་པ་མ་ཟད། ཐའེ་ཝན་མཚོ་འགག་ལ་ཡང་དང་བསྐྱར་དུ་ས་མཚོ་གནམ་གསུམ་ནས་དམག་གིས་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་ཆོག་པའི་ཐག་གཅོད་གནང་བར་། རྒྱ་ནག་གཞུང་གིས་མངའ་སྡེ་དེའི་ནང་གི་ས་ཁུལ་ ༦ གི་མིང་དག་བརྗེ་བསྒྱུར་བཏང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་དེ་ནི་རྒྱ་ནག་གིས་ས་གནས་དེ་དག་ལ་བདག་དབང་ཡོད་པའི་རྣམ་འགྱུར་སྟོན་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་འདས་ལོའི་ཕྱི་ཟླ་ ༥ ནང་། ཨ་རིའི་གྱོན་གོས་བཟོ་ཚོང་ཁང་གྲགས་ཅན་གྷེབ་ (GAP) ཀྱི་གསར་ཐོན་སྟོད་གོས་ཀྱི་ཐོག་ཏུ་བཀོད་པའི་རྒྱ་ནག་གི་ས་ཁྲའི་ནང་བོད་དང་ཐའེ་ཝན་སོགས་ཚུད་མེད་པར་བརྟེན། ཁ་རྡུང་སྐྱོན་བརྗོད་ཤུགས་ཆེན་དང་གནོན་ཤུགས་སྤྲད་ཡོད་པ་དང་། དེའི་སྔོན་དུ་ཨ་རིའི་མཁའ་འགྲུལ་ཁང་ཌེལ་ཊ་ (Delta) ཚོང་གཉེར་ཁང་དང་། རྒྱལ་སྤྱིའི་མ་རིའོ་ཏི་ (Marriott International) མགྲོན་ཁང་ལའང་གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་གཞུང་མང་གིས་སྐྱོན་བརྗོད་དམ་དྲག་ཤུགས་ཆེན་བྱུང་རྗེས་དགོངས་སེལ་ཞུ་དགོས་འཁེལ་ཡོད་པ་རེད།

རྒྱ་ནག་གཞུང་གི་སྒོ་ཁྲལ་ལས་ཁུངས་ཟེར་བ་དེས།  དེ་སྔོན་ཡང་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁྲའི་ཁྲོམ་རར་ཞིབ་བཤེར་ཐེངས་ ༡༠༠ ལྷག་བྱས་པ་བརྒྱུད། ཐའེ་ཝན་དང་ཨ་རུ་ན་ཅལ་གྱི་ས་གནས་ཁག་འགའ་རེ་རྒྱ་ནག་གི་ཆ་ཤས་མིན་པའི་ས་ཁྲ་གྲངས་ཁྲི་ ༡ ཙམ་རྩད་འཚོལ་གྱིས་རྩ་མེད་བཏང་སྟེ། རྒྱ་ནག་དང་ཕྱི་རྒྱལ་ཁག་ལ་ཉོ་འཚོང་བྱེད་པར་འགོག་ཐབས་བྱས་ཡོད་ན་ཡང་། ཐེངས་འདིར་རྒྱ་ནག་གཞུང་གིས་ས་ཁྲ་ཕོན་ཆེན་རྩ་མེད་བཟོས་པ་ནི་ཐེངས་དང་པོ་དེ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply