རྒྱ་ནག་གིས་འཛམ་གླིང་གསར་འགོད་རང་དབང་ལ་དབང་བསྒྱུར་ཉེན་འདུག་ཟེར།

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གསར་འགོད་རང་དབང་དང་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་སོགས་ཀྱི་དགྲ་བོ་རེད་ཅེས་གསུངས་འདུགཁ་སང་ཕྱི་ཚེས་ ༢༥ ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Border)ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གཙོར་འདོན་གྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག་པ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐབས་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པས་གསར་འགོད་རང་དབང་བཀག་སྡོམ་རྒྱ་སྐྱེད་དང་། རྒྱལ་ཁབ་གཞན་གྱི་གསར་འགོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་གི་ཡོད་པ་མ་ཟད། འཕྲུལ་རིག་ཡར་རྒྱས་ཕྱིན་པ་དང་བསྟུན། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུའང་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་ཚང་མར་ལྟ་ཞིབ་བྱེད་ཐུབ་པའི་འཕྲུལ་རིགས་འོར་འདྲེན་དང་། སྲིད་གཞུང་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་ཁ་གཏད་དུ་ལངས་པའི་གསར་འགོད་རང་དབང་ལ་དྲག་གནོན། རྒྱལ་སྤྱིའི་གསར་འགོད་རང་དབང་ལ་རྒོལ་རྡུང་གཏོང་ཐབས་ཀྱིས་རྒྱལ་སྤྱིའི་དམངས་གཙོ་ལའང་འཇིགས་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁུ་རེ་སི་ཊོ་ཧྥི་ཌལ་རེ་(Christophe Deloire)ལགས་ཀྱིས་ཐེངས་འདིའི་སྙན་ཐོ་དང་འབྲེལ་ཏེ། རྒྱ་ནག་གཞུང་གི་སེམས་ན་གསར་འགོད་པ་ནི་སྟོབས་ཤུགས་ཀྱི་ཁ་གཏད་པ་མ་ཡིན་པར། དེ་ལས་ལྡོག་སྟེ་དམར་ཤོག་གཞུང་རང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག་པས། གལ་སྲིད་དམངས་གཙོས་རྒྱ་ནག་གི་དྲིལ་བསྒྲགས་བྱེད་ཕྱོགས་ལ་ཁ་གཏད་གཅོག་མ་ཐུབ་ཚེ། ནམ་ཞིག་འཛམ་གླིང་གི་གསར་འགོད་རང་དབང་གི་ཁ་ཕྱོགས་རྒྱ་ནག་གིས་དབང་བསྒྱུར་སྲིད་པ་ང་ཚོས་ཤེས་གསལ་ལྟར་རེད། ཅེས་བརྗོད་འདུག་པ་མ་ཟད། ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གསར་འགོད་རང་དབང་། དེ་བཞིན། འཇིག་རྟེན་ཀུན་ཁྱབ་རིན་ཐང་སོགས་ཀྱི་དགྲ་བོ་ཡིན་ཞེས་བརྗོད་འདུག

ཡང་སྙན་ཐོའི་ནང་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མས་འཛམ་གླིང་གི་གསར་འགོད་རང་དབང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐོར་ལ་དོན་ཚན་ ༩ ཅན་ཞིག་བཏོན་ཡོད་པའི་ནང་། སྔར་ལོ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་བཞག་སྟེ། དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཁག་དབྱིན་ཡིག་ནང་ཁྱབ་བརྡལ་གཏོང་གི་ཡོད་པ་དང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྒྱ་ནག་གིས་མི་ ༩༠ ལྷག་གླས་ཏེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་ཡན་ལག་གསར་ཁང་(CGTN)ཟེར་བ་ཞིག་འཛུགས་རྩིས་བྱས་ཡོད་པར་བརྟེན། པི་ཊར་ཧམ་ཧྥི་རེ་(Peter Humphrey)ཟེར་བའི་དབྱིན་ཡུལ་གསར་འཕྲིན་སྒྲིག་ལམ་ཉམས་ཞིབ་པ་ཞིག་གིས། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཡུལ་ཁྲིམས་ལས་བརྒལ་བའི་དྲིལ་བསྒྲགས་ཀྱི་ལས་རིགས་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་རྐྱེན། རྒྱ་ནག་གཞུང་ནས་ཁོང་ལ་དངོས་ཤུགས་རྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་ཁྲིམས་གཏུག་བྱས་པ་དང་། རིམ་བཞིན་བཙན་གྱིས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱེད་དུ་བཅུག་ཡོད། ཅེས་བཀོད་འདུག

ཡང་སྙན་ཐོ་དེའི་ནང་། འདས་ལོའི་ཕྱི་ཟླ་ ༩ ནང་ལྷོ་ཨ་ཧྥེ་རི་ཁའི་ནང་གསར་འགོད་པ་ཨ་ཛཌ་ཨི་སཱ་(Azad Essa)ཟེར་པ་ཞིག་གིས། རྒྱ་ནག་གིས་ཤིན་ཅང་ས་ཁུལ་དུ་ཡུ་གུར་མི་མང་ལ་བཙན་གནོན་དྲག་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་རྩོམ་ཡིག་ཅིག་སྤེལ་བར་བརྟེན། རྒྱ་ནག་གིས་གསར་ཁང་དེར་གནོན་ཤུགས་སྤྲད་ནས་ཁོང་ལ་གསར་འགྱུར་སྤེལ་བའི་ཐོབ་ཐང་ཚང་མ་འཕྲོག་ཡོད་འདུག ཡང་འདས་ལོའི་ཕྱི་ཟླ་ ༧ པའི་ནང་སེ་ཝེ་ཌན་(Sweden)དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སེ་ཝེ་ཌན་གྱི་གསར་འགོད་པ་ཇོ་ཇེ་ཨོལ་སན་(Jojje Olsson)ལགས་ནས་རྒྱ་ནག་གཞུང་གི་མཚན་སྙན་ལ་གནོད་པའི་རྩོམ་ཡིག་སྤེལ་བར་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག འདས་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་དྲ་རྒྱའི་སྒྲིག་ཁྲིམས་བཟོས་ཏེ་ལོ་གཅིག་ཙམ་གྱི་རྗེས་སུ་ཝི་ཐི་ནམ་(Vietnam)གཞུང་གིས་རྒྱ་ནག་གཞུང་དང་གཅིག་མཚུངས་ཀྱི་དྲ་རྒྱའི་སྒྲིག་ཁྲིམས་གསར་བཟོ་བྱས་ཡོད་སྐོར་དང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག ཧོང་ཀོང་གི་གསར་འགྱུར་རང་དབང་ཐད་བཀག་སྡོམ་ཤུགས་ཆེན་བྱས་རྐྱེན་ཧོང་ཀོང་གི་གསར་འགོད་རང་དབང་སྔ་ས་ནས་ཉམས་དམས་སུ་ཕྱིན་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply