དོན་འགྲུབ་དབང་ཆེན་ལགས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ལ་སྙིང་སྟོབས་གཟེངས་རྟགས་དང་ཨ་ཧྥེ་རི་ཁའི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་པ་ལྕམ་ནེམ་ཁོ་ཨ་ལི་ལགས་ལ་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་གཟེངས་རྟགས་ཕུལ་སོང་།དེ་རིང་ཕྱི་དྲོར་སུད་སིའི་ཇེ་ནི་ཝ་གྲོང་ཁྱེར་དུ། སྐབས་ ༡༡ པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་(Geneva summit for human rights and democracy) ཀྱིས་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས། དཔའ་ངར་ཆེན་པོའི་ཐོག་ནས་འཛམ་གླིང་གི་རང་དབང་དང་དམངས་གཙོ། ཀུབ་ཁྱབ་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་གནང་བར་ཆེ་བསྟོད་དུ་ཕྱི་ལོ་ ༢༠༡༩ ལོའི་སྙིང་སྟོབས་གཟེངས་རྟགས་(Courage Award)ཕུལ་སོང་བ་དང་། དེ་བཞིན་ཨ་ཧྥེ་རི་ཁའི་སོ་མ་ལི་རྒྱལ་ཁབ་དུ་སྐྱེས་པའི་མོ་མཚན་གཅོད་གཏུབ་(Female Genital Mutilation)ཀྱི་ལམ་སྲོལ་ལ་ངོ་རྒོལ་དང་། བུད་མེད་ཀྱི་ཐོབ་ཐབ་ལས་འགུལ་བ་ལྕམ་ནིམ་ཁོ་ཨ་ལི་(Nimco Ali)ལགས་ལ་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་གཟེངས་རྟགས་(International Women’s Rights Award)ཕུལ་སོང་།

འདི་གའི་གསར་འགོད་པས་དོན་འགྲུབ་དབང་ཆེན་ལགས་སུ་ཐེངས་འདིར་སྙིང་སྟོབས་གཟེངས་རྟགས་ཕུལ་བར་སེམས་ཚོར་ཅི་བྱུང་སོགས་དྲིས་པར་ཁོང་གིས། དེ་རིང་གི་གཟེངས་རྟགས་དེ་སྤྲད་པ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་བསམ་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གང་ཡང་སྤྲོད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་ད་ལྟ་བར་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་སྐྱག་རྫུན་རྐྱང་རྐྱང་བཤད་བཞིན་ཡོད་པ་ལྟར། གཟེངས་རྟགས་ཕུལ་བ་དེས་ང་ཚོར་སྤོབས་པ་དང་སྙིང་སྟོབས་སྐྱེས་འོས་པ་ཞིག་དང་། རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་པ་རེད་བསམ་ཡོད། ཅེས་བརྗོད་བྱུང་།

གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་དོན་འགྲུབ་དབང་ཆེན་ལགས་ཀྱིས། དེ་རིང་ང་ལ་འདི་ལྟ་བུའི་ཆེ་མཐོང་གི་གཟེངས་རྟགས་ཤིག་གནང་བར་ང་དང་ངའི་ལས་རོགས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་གི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་ཚོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རྣམ་པ་ཚོའི་མདུན་ནས་གཟེངས་རྟགས་འདི་འདྲ་ཞིག་ལེན་རྒྱུ་བྱུང་བ་དང་། རང་དབང་གི་ཁོར་ཡུག་ལོངས་སུ་སྤྱད་ནས་རང་གི་ཆེས་ཡ་ང་བའི་གནས་སྟངས་རྣམས་ངོ་སྤྲོད་ཞུ་རྒྱུར་བརྗོད་ལས་འདས་པའི་དགའ་སྤོབས་སྐྱེ་ཡོད། དེ་རིང་གི་གཟེངས་རྟགས་འདི་ནི་ཁྱེད་རྣམ་པ་ཚོ་ལ་ཐོབ་པ་ཞིག་ཡིན། གང་ཡིན་ཟེར་ན། འདས་པའི་དུས་ཡུན་རིང་མོའི་ནང་ལ་རྣམ་པ་ཚོས་སྙིང་སྟོབས་དང་དཀའ་སྡུག་ལ་མ་འཛེམས་པར་ཆོད་སེམས་གཡོ་བ་མེད་པའི་སྒོ་ནས་ང་ཚོ་ལ་རྒྱབ་སྐྱོར་གནང་སྟེ། འཛམ་གླིང་ཐོག་གི་སྲིད་དབང་སྒེར་གཅོད་པ་ཆེ་ཤོས་དང་། འཛམ་གླིང་སྟེང་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྡུག་རྩུབ་དང་དྲག་གནོན་ཅན་གྱི་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་དང་འཐབ་རྩོད་གནང་གི་ཡོད་པ་རེད། ཅེས་བརྗོད་སོང་། 
 ཡང་བཙོན་ཁང་གི་དཀའ་སྡུག་སྐོར་ལ་ཁོང་གིས། ཐོག་མར་ང་རང་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བཀག་ཉར་ཁང་ལ་བཞག་པ་རེད། སྐབས་དེ་དུས་ངའི་ལག་པ་གཉིས་ལ་ལག་ལྕགས་བརྒྱབས་ནས་ཉིན་བདུན་དང་མཚན་བདུན་ལ་ཤིང་གི་རྐུབ་བཀྱག་ཞིག་ལ་བཞག་སྟེ་གློག་རྒྱུག་བཙུགས་ཏེ། ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་ནས་བཙན་དབང་གིས་ནག་ཉེས་ངོས་ལེན་བྱེད་དུ་བཅུག་སོང་། དེ་དུས་རང་ཉིད་ལ་ན་ཟུག་དྲག་པོ་དང་བཟོད་མི་ཐུབ་པའི་སྡུག་བསྔལ་བརྗོད་ལས་འདས་པ་བྱུང་། མནར་གཅོད་ཚད་མེད་འདིའི་འོག་ནས་ཁོ་ཚོས་ང་གསོད་ཀྱི་རེད་བསམ་སོང་། ངའི་མཐའ་མའི་རེ་བ་གཅིག་པོ་ངས་འགན་ཁུར་བའི་དངོས་བྱུང་གློག་བརྙན་འདི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་པ་དང་། རྒྱ་གཞུང་གི་དམ་དྲག་དང་དྲག་གནོན་འོག་བོད་མི་ཚོའི་དཀའ་སྡུག་གང་འདྲ་མྱོང་གི་ཡོད་པའི་སྐོར་ཤེས་ཡོང་རྒྱུ་དེ་རེད། མཐའ་དོན་ངའི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པ་བྱུང་སོང་། ང་རང་བློ་བདེ་པོའི་ངང་ཤི་ཆོག་གི་འདུག གང་ལེགས་ཞུས་ན། རང་དབང་ལུང་པའི་ནང་ཡོད་པའི་མི་མང་ཚོས་བོད་ཀྱི་གནད་དོན་ཐོག་ལ་མུ་མཐུད་ནས་ཐུགས་ཁུར་་དང་རྒྱབ་སྐྱོར་གནང་གི་ཡོད། རྣམ་པ་ཚོའི་སྙིང་སྟོབས་ཀྱིས་བོད་དོན་འཐབ་རྩོད་མུ་མཐུད་ནས་མདུན་ནས་མདུན་དུ་སྐྱོད་ཐུབ་ཀྱི་ཡོད། གལ་སྲིད་རྣམ་པ་ཚོའི་རྒྱབ་སྐྱོར་མེད་ན་ང་རང་སྔ་ས་ནས་བསད་ཡོད་པ་རེད། ངས་དེ་སྔོན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་བསམ་བྱུང་། ཡིན་ན་ཡང་། ང་རང་རྒྱ་ནག་གི་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས་སྲོག་ལས་རང་དབང་གལ་ཆེན་པོ་ཡིན་པ་ཚོར་བྱུང་། བོད་མི་ཆབ་སྲིད་བཙོན་པ་ཞིག་ལ་ཆ་མཚོན་ན་བཙོན་ཁང་ནས་མར་ཀློད་གྲོལ་ཐོབ་རུང་བཙོན་ཁང་ནང་ལ་བསྡད་པ་དང་གཅིག་མཚུངས་རེད། ཅེས་བརྗོད་སོང་།  
ཡང་ཁོང་གིས། ཆབ་སྲིད་བཙོན་པའི་ཉེས་མིང་སྤྲད་པ་ནས་བཟུང་གསོན་པོ་ཡིན་ཀྱང་ཤི་བ་དང་གཅིག་མཚུངས་རེད། སྐབས་དེ་དུས་ངས་རང་དབང་དང་དམངས་གཙོའི་ཐོབ་ཐང་སོགས་གལ་ཆེན་པོ་ཡིན་པ་ཤེས་སོང་། རང་དབང་ཟེར་བ་འདི་འགྲོ་བ་མིའི་ཚེ་སྲོག་ལས་ཀྱང་གལ་ཆེན་རེད། གལ་ཏེ་མི་ཞིག་གི་རང་དབང་བཙན་འཕྲོག་བྱས་པའི་ཉིན་མོ་ནས་བཟུང་མི་དེ་དམར་གསོད་གཏོང་བའམ་ཡང་ན་གང་སོང་ཆ་མེད་དུ་འགྱུར་གྱི་རེད་བསམ་པ་མ་གཏོགས། ངའི་བསམ་བློའི་ནང་ལ་ང་བཙན་བྱོལ་དུ་ཡོང་ཐུབ་ཀྱི་རེད་བསམ་མེད། ང་རྒྱ་ནག་གཞུང་གིས་མ་བསད་པའི་སྔོན་དང་འཛིན་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་མ་གྱུར་བའི་སྔོན་ལ། རང་ཉིད་ཀྱི་མཐའ་མའི་ཁ་ཆེམས་ཡང་བརྙན་དཔར་བརྒྱབས་ནས་འཛམ་གླིང་གཞུང་དམངས་ཚང་མས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་བཙོན་གྲོལ་ཐོབ་པའི་རྗེས་ལའང་རང་དབང་མེད་པའི་འཚོ་བའི་གནས་སྟངས་ཤེས་ན་བསམ་པ་ཡིན། དགའ་དགོས་པ་ཞིག་ལ་ང་རང་དབང་ལུང་པའི་ནང་བཙན་བྱོལ་དུ་འབྱོར་བ་འདི་ང་རང་ཡང་ཡིད་མ་ཆེས་པ་དང་རྨི་ལམ་ཞིག་རེད་བསམ་པའི་ཚོར་བ་བྱུང་། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་དུ་གཉེར་བའི་འབྲེལ་ཡོད་མང་པོ་ཞིག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསླེབས་ཐུབ་པ་བྱུང་བ་རེད། ཅེས་བརྗོད་སོང་། 

 

དེ་བཞིན་བུད་མེད་ཀྱི་གཟེངས་རྟགས་འཐོབ་མཁན་ནིམ་ཁོ་ཨ་ལི་ཡིས། ང་ལ་གཟེངས་རྟགས་འདི་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ནི་འཛམ་གླིང་འདིའི་སྟེང་གི་མོ་མཚན་གཅོད་གཏུབ་དངོས་སུ་མྱོང་མཁན་གྱི་བུད་མེད་ས་ཡ་ ༢༠༠ ཁྲོད་ཀྱི་ཅིག་ཡིན། ད་ལྟའི་ཆར་ཨ་ཧྥེ་རི་ཁའི་ནང་བུད་མེད་ས་ཡ་ ༧༠ ཙམ་ལ་མོ་མཚན་གཅོད་གཏུབ་ཀྱི་ཉེན་ཁ་ཡོད་པས། དེ་རིང་ང་སྡིངས་ཆ་འདིའི་ཐོག་ལངས་ཐུབ་པ་འདིས། ང་ཚོས་མོ་མཚན་གཅོད་གཏུབ་ཀྱི་ཉེན་ཁའི་ནང་ཡོད་པའི་བུད་མེད་དེ་དག་སྐྱོབ་ཐུབ་པ་དང་། ང་ཚོས་མཉམ་རུབ་ཀྱི་ཐོག་ནས་བུད་མེད་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་བསྟན་ཡོད། ཅེས་དང་། མོ་མཚན་གཅོད་གཏུབ་ནི་འཕྲོད་བསྟེན་གྱི་གནད་དོན་ཞིག་མིན་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཡིན་པས། ངས་དེ་རིང་གཟེངས་རྟགས་འདི་དྭང་ལེན་བྱས་ཏེ་འཛམ་གླིག་གི་ཆེས་མཐོའི་མི་སྣ་དང་ནུབ་ཕྱོགས་ཀྱི་དབུ་འཁྲིད་རྣམ་པས། ངའི་རྒྱལ་ཁབ་ཀྱི་མོ་མཚན་གཅོད་གཏུབ་ཀྱི་ལམ་སྲོལ་རྩ་མེད་གཏོང་རྒྱུའི་ལས་གཞི་ལ་རྒྱབ་སྐྱོར་རོགས་འདེགས་གནང་རོགས་ཞུ། ཞེས་བརྗོད་སོང་ལ། ནིམ་ཁོ་ཨ་ལི་ལགས་ཀྱིས་མོ་མཚན་གཅོད་གཏུབ་ཀྱི་ཉེན་ཁའི་ནང་ཡོད་པའི་བུད་མེད་རྣམས་ལ་འབོད་སྒྲ་སྦྱིན་པ་དང་། བུད་མེད་རྣམས་ཀྱི་ལུས་སེམས་དང་། འཁྲིག་སྤྱོད། ཕྲུ་གུའི་སྐྱེས་འཕེལ་འཕྲོད་བསྟེན་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་བར་ཆེ་བསྟོད་དུ་ཕུལ་བ་ཞིག་ཡིན་འདུགདེ་རིང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག ལྷོ་ཨ་ཧྥེ་རི་ཁའི་བྷུ་རུན་ཌི་ཡན་གྱི་དམངས་གཙོའི་ལས་འགུལ་བ་དང་སྙན་ངག་པ་ཀེ་ཊི་ནི་བ་བྷན་དྷི་(Ketty Nivyabandi) དང་། སོ་ཌིའི་ཆབ་སྲིད་བཙོན་པ་ར་དབྱིབ་བྷ་དྷ་ཝི་(Raif Badawi) ཀྱི་སྐུ་ཟླ་ཨེན་སབ་ཧའེ་དྷར་(Ensaf Haidar)། རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ཡཱང་ཇཱན་ལེ་ (Yang Jianli)། ཝེ་ནེ་ཛུ་ལའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་བདེ་སྲུང་ལྷན་ཚོགས་ཀྱི་འགན་འཛིན་ཌི་གོ་ཨ་རི་ཡ་(Diego Arria)། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཇཱོན་ཁར་ལོ་སི་གུ་ཊི་རེ་ཛི་(Juan Carlos Gutierrez) དང་། ཡུ་རོབ་ཀྱི་མཐའ་མཇུག་(The End of Europe) སོགས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་རྩོམ་པ་པོ་དང་གསར་འགོད་པ་ཇེམ་སི་ཀིར་ཆིག་(James Kirchick)། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚན་པའི་འགན་འཛིན་དང་ཨ་རིའི་རོ་མ་ནི་ཡའི་(Romania)ནང་གི་དོན་གཅོད་ཟུར་པ་ཨལ་ཧྥེ་རེཌ་མོ་སིས་(Alfred Moses)། ཝིཊ་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་བཙོན་ཟུར་ནཱ་གུ་ཡན་ཝན་དྷའེ་(Nguyen Van Dai)། སི་རི་ཡའི་གསར་འགོད་པ་ཨབ་དྷ་ལ་ཛིས་ཨ་ལམ་ཛ་(Abdalaziz Alhamza) ། གཞན་ཡང་། ཉེ་ཆར་ཊར་ཀི་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་མྱོང་བའི་ཀར་ཌི་ཤི་མི་རིགས་ཀྱི་གསར་འགོད་པ་དང་ལས་འགུལ་བ་ནུར་ཁེན་བྷེ་སལ་(Nurcan Baysal) བཅས་ཀྱིས། སོ་སོའི་རྒྱལ་ཁབ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དམངས་གཙོའི་སྐོར་ནས་གཏམ་བཤད་སྤེལ་སོང་བ་དང་། དེ་བཞིན་འཛམ་གླིང་གི་ཆབ་སྲིད་བཙོན་པའི་པར་རིས་འགྲེམ་སྟོན་དང་། བདེན་པའི་འཐབ་རྩོད་པ་ཞེས་པའི་སྒྱུ་རྩལ་བ་ ༢༥ ལྷག་གིས་ལག་བྲིས་བྱས་པའི་དམར་གསོད་དང་སྲོག་ཐོག་ཤོར་བའི་རྒྱལ་ཁབ་ ༦༤ ཡི་གསར་འགོད་པ་ ༡༩༠ ཡི་པར་རིས་འགྲེམ་སྟོན་བཅས་བྱས་ཡོད་འདུག

ལྷན་ཚོགས་དེས་ད་བར་ཨུ་རུ་སུའི་རང་དབང་འཐབ་རྩོད་པ་ཝ་ལ་དྷི་མིར་ཀཱ་ར་མུར་ཛ་(Vladimir Kara-Murza) དང་། ལོ་བཅུ་རིང་སོ་ཌིའི་བཙོན་ཁང་དུ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ར་དབྱིབ་བྷ་དྷ་ཝི་(Raif Badawi)། རྒྱ་ནག་གི་ཁྲིམས་རྩོད་པ་དང་ཆབ་སྲིད་བཙོན་ཟུར་ཁྲན་ཀང་ཁྲིན་(Chen Guangchen) སོགས་ལ་སྙིང་སྟོབས་གཟེངས་རྟགས་དེ་ཕུལ་མྱོང་ཡོད་པ་དང་། དེ་བཞིན་ཀོང་གོ་རྒྱལ་ཁབ་ནང་གི་དམག་འཁྲུག་བཙན་གཡེམ་ལ་ངོ་རྒོལ་བྱེད་མཁན་བུད་མེད་ལས་འགུལ་བ་ཇུ་ལི་ཨན་ལུ་སེང་གེ་(Julienne Lusenge) དང་། ཁ་ཆེ་དྲག་སྤྱོད་པའི་བཙན་གཡེམ་བྲན་གཡོག་ལས་ཐར་བའི་ཤི་རིན་(Shirin)། ཨི་རན་གྱི་གསར་འགོད་པ་དང་ལས་འགུལ་བ་མ་སི་ཨ་ལིན་ཇཌ་(Masih Alinejad) སོགས་བུད་མེད་རང་དབང་འཐབ་རྩོད་པ་མང་པོར་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་གཟེངས་རྟགས་ཕུལ་ཡོད་འདུག

ཇེ་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་དེ་ནི། འཛམ་གླིང་གི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ ༢༥ མཉམ་འབྲེལ་གྱི་ཐོག་ནས་ཕྱི་ལོ་ ༢༠༠༩ ལོར་གསར་དུ་མགོ་འཛུགས་བྱས་ཞིང་། ལྷན་ཚོགས་དེས་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ལ་དམིགས་ཏེ། བོད་དང་རྒྱ་ནག ཨ་རབ། ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་རྣམས་གླེང་སློང་གནང་བ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དོ་སྣང་སླེབ་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་ཆབ་སྲིད་བཙོན་ཟུར་དང་དམངས་གཙོའི་ལས་འགུལ་བ་རྣམས་ལ་རང་གི་འབོད་སྒྲ་འདོན་པའི་སྡིངས་ཆ་སྐྲུན་བཞིན་ཡོད་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་སྲིད་གཞུང་དག་ལ་རྒྱལ་སྤྱི་རང་བཞིན་གྱི་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་འདུག

ད་ལྟའི་ཆར་ལྷན་ཚོགས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཁང་(UN Watch)དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(Human Right Foundation)། འཛམ་གླིང་ཡུ་གུར་ལྷན་ཚོགས་(World Uyghur Congress) དང་། སུད་སི་བོད་ཀྱི་བུད་མེད་ཚོགས་པ། གླེང་སྟེགས་ ༢༠༠༠ (Forum 2000)སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ ༢༨ ལྷག་གིས་རྒྱབ་སྐྱོར་མཐུན་འགྱུར་གནང་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༩/༠༣/༢༦

Leave a Reply