དྲིལ་བསྒྲགས་འགན་འཛིན་ཟུར་པར་ཁྲིམས་ཆད་ལྕི་མོ་བཅད།

རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་ཟུར་པ་ལུའུ་ཝེ་ཡིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༣༢ ལྷག་བླངས་ཡོད་པའི་ཉེས་མིང་འོག་ལོ་ ༡༤ བཙོན་འཇུག་ཁྲིམས་ཐག་བཅད་འདུགཁ་སང་རྒྱ་ནག་ཀྲེ་ཅང་ཞིང་ཆེན་ནེ་བྷོ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་ཟུར་པ་ལུའུ་ཝེ་(Lu Wei)ཡིས། གོ་གནས་ཧམ་བཟུང་དང་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་མིང་འོག་ལོ་ ༡༤ བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ས་ཡ་ ༣ གྱི་ཉེས་ཆད་སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད་འདུག

འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༧ བར་གྱི་ལོ་ ༡༥ ནང་ལུའུ་ཝེ་ཡིས་ཤིན་ཧྭ་གསར་ཁང་གི་འགན་འཛིན་གཞོན་པ་དང་། དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་གཞོན་པ་བཅས་ཀྱི་གོ་དབང་ལོག་སྤྱོད་བྱས་ཏེ། ལྷན་ཁང་གཞན་ལ་སྒྲིག་འགལ་རོགས་འདེགས་བྱས་པ་དང་མི་སྒེར་གྱི་གོ་གནས་སྤར་བ་སོགས་བྱས་ཏེ། སྔ་གཞུག་ཏུ་ལྐོག་རྔན་རྒྱ་སྒོར་ས་ཡ་ ༣༢ ལྷག་བླངས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་ལུའུ་ཝེ་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ནང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དངོས་སུ་འཛིན་བཟུང་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༢ པའི་ནང་དམར་ཤོག་ཚོགས་ཁོངས་ནས་ཕུད། ཕྱི་ཟླ་ ༡༠ པའི་ནང་ཁོས་ལྐོག་རྔན་བླངས་པ་ངོས་ལེན་བྱས་སྟབས་རྒྱུ་དངོས་ཡོད་ཚད་གཞུང་བཞེས་བཏང་ཡོད་ནའང་། ཁོས་བསྐྱར་དུ་ཁྲིམས་གཏུག་བྱས་ཡོད་པ་དང་ཁ་སང་ཁྲིམས་ཁང་གིས་ཁོའི་ཉེས་ཁྲིམས་ཡོངས་བསྒྲགས་བྱས་རྗེས་མུ་མཐུད་ཆེས་མཐོའི་ཁྲིམས་ཁང་དུ་གཏུག་བཤེར་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ལུའུ་ཝེ་འཛིན་བཟུང་བྱེད་དོན་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གིས་དྲ་རྒྱའི་སྲིད་བྱུས་གསར་པ་བཟོ་རྩིས་ཡོད་པའི་རྐྱེན་གྱིས་ཡིན་སྐོར་དང་། ཡང་ཁག་ཅིག་གིས་ལུའུ་ཕྱི་ལོ་ ༢༠༡༤ ལོར་ཨ་རིར་ཕྱིན་སྐབས་ཁོས་རྒྱ་ནག་གི་རྒྱལ་སྲིད་བདེ་འཇགས་དང་འབྲེལ་བའི་གནད་དོན་ཁག་ཅིག་གླེང་སློང་བྱས་རྐྱེན་ཡིན་སྐོར་བརྗོད་ཀྱི་འདུག་ལ། དེ་བཞིན། ཞི་ཅིན་ཕིན་ནས་སྲིད་དབང་དུས་ཡུན་གཉིས་ལས་བརྒལ་ཆོག་གི་ཡོད་པའི་སྲིད་བྱུས་ལ་དགའ་པོ་མེད་སྟབས།  ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༩ ཐོག་ཞི་ལ་རྒྱལ་ཁ་ཐོབ་པ་དང་། ལུའུ་ཝེ་ལ་འདྲི་ཞིབ་བྱས་ཡོད་སྐོར་སོགས་བརྗོད་ཀྱི་འདུག

ལུའུ་ཝེ་ནི་ཕྱི་ལོ་ ༡༩༦༠ ལོར་ཨན་ཧེ་ཞིང་ཆེན་ཁྲོ་ཧུའུ་(Chaohu)རུ་སྐྱེས་ཤིང་ད་ལྟ་རང་ལོ་ ༥༩ ཡིན་འདུག ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ བར་གོ་གནས་རིམ་འཕར་གྱིས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གི་འགན་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༡༡ ལོ་ནས་དྲིལ་བསྒྲགས་ལྷན་ཁང་ནང་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་ནང་ཁོ་ལྷན་ཁང་དེའི་འགན་འཛིན་དུ་བསྐོ་བཞག་བྱུང་། ཕྱི་ལོ་ ༢༠༡༥ ལོར་ཁོ་རྒྱལ་སྤྱིའི་དུས་དེབ (Times Magazine)སྟེང་འཛམ་གླིང་གི་ནུས་ཤུགས་ཆེ་ཤོས་ཀྱི་མི་ ༡༠༠ ནང་ཚུད་ཡོད་འདུག

གསར་འགོད་པ། སྐལ་བཟས་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply