པོ་ཏ་ལར་སྔར་ལས་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་བོད་ཀྱི་ཕོ་བྲང་པོ་ཏ་ལའི་འོག་ཤོད་ནས་ཁང་པའི་དབྱིབས་ཅན་གྱི་རྩིག་རྣང་ ༡༢༠༠ ལྷག་གསར་རྙེད་བྱུང་ཡོད་སྐོར་བསྒྲགས་འདུགཕོ་བྲང་པོ་ཏ་ལའི་སྤྱི་ཡོངས་བདེ་འཇགས་ཞིབ་བཤེར་དང་དཔྱད་དཔོག་གི་དགོས་མཁོ་ཟེར་བའི་ཆེད་དུ། དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ཚེས་ ༢༨ བར་ཕོ་བྲང་པོ་ཏ་ལ་སྒོ་བརྒྱབས་ཡོད་པ་དང་། ཁ་སང་ཕོ་བྲང་པོ་ཏ་ལ་དོ་དམ་ཁང་ཟེར་བས་པོ་ཏ་ལའི་འོག་ནས་ཁང་པའི་དབྱིབས་ཀྱི་རྩིག་རྣང་ ༡༢༠༠ ལྷག་གསར་དུ་ཤེས་གཏོགས་བྱུང་ཡོད་པ་དང་། དེ་དག་གི་གཏིང་ཐུང་ཤོས་རྨི་ཊིར་གཉིས་གསུམ་ཡས་མས་དང་རིང་ཤོས་རྨི་ཊིར་བཅུ་བཞི་བཅོ་ལྔ་ཡིན་པ་དང་། ད་དུང་མུ་མཐུད་དུས་རབས་གསར་པའི་ཚན་རིག་ལག་རྩལ་སྔར་ལས་མང་པོར་བརྟེན་ནས་པོ་ཏ་ལ་སྤྱི་ཡོངས་ཀྱི་བཀོད་པར་ཞིབ་བཤེར་དང་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་འདིའི་ཐད་ཞལ་པར་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་གནས་སྡོད་རང་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་ལ་བཀའ་འདྲི་ཞུས་པ་ལྟར་ན། བོད་ནང་ནས་པོ་ཏ་ལའི་འབྲེལ་ཡོད་ཅིག་གིས། རྒྱ་ནག་གཞུང་ནས་ཕྱིར་བསྒྲགས་བྱས་པའི་པོ་ཏ་ལའི་ས་འོག་གསར་རྙེད་དེ་དག་ལྐོག་འགྱུར་ཞིག་མིན་པ་མ་ཟད། རྒྱ་ནག་གཞུང་འབྲེལ་མི་སྣས་ལོ་གཅིག་སྔོན་ནས་དེ་དག་རྙེད་སོན་བྱུང་ཡོད་ཀྱང་། ཉེ་ཆར་རང་ལ་མ་གཏོགས་ཕྱིར་བསྒྲགས་བྱས་མེད་སྐོར་བརྗོད་འདུག

ཡང་བཞུགས་སྒར་གྱི་གནས་སྡོད་པ་ཁོང་གིས། གསར་རྙེད་བྱུང་ཡོད་ལབ་པ་དེ་ཚོ་ཕལ་ཆེར་དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་བང་མཛོད་གྲས་ཤིག་ཡིན་རྒྱུ་རེད་བསམ་གྱི་འདུག ཅེས་དང་། རྒྱ་ནག་གཞུང་གིས་དུས་རྒྱུན་དུ་བོད་ནང་གསར་རྙེད་བྱུང་བའི་བཅའ་དངོས་རིགས་ལ་དང་པོ་ཞིབ་འཇུག་བྱས་ཏེ་རང་ལ་དགོས་མཁོ་བྱུང་ཚེ། རྒྱ་ནག་ལ་དབོར་འདྲེན་བྱས་རྗེས་གསལ་བསྒྲགས་བྱེད་སྲོལ་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཡུལ་དངོས་སུ་གསར་འགོད་པ་ཁྲིན་ཆིན(Chenqin)ཞེས་པ་ཆེད་གཏོང་གིས་བརྙན་ཐུང་ཞིག་བཀྲམས་པའི་ནང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁང་ཟེར་བའི་འགན་འཛིན་གཞོན་པ་དང་གནའ་ཤུལ་འཛུགས་སྐྲུན་ཆེད་མཁས་པ་(觉单)ཟེར་བ་ཞིག་གིས་སྣེ་འཁྲིད་དེ། ཕོ་བྲང་དམར་པོའི་འོག་ཤོད་ཕུག་ལམ་དུ་འཛུལ་ཏེ་ཡུལ་དངོས་ངོ་སྤྲོད་བྱས་ཡོད་པ་དང་། གསར་འགོད་པས་འདི་ལྟ་བུའི་ཁང་པའི་ནང་དུ་ཆོས་དཔེ་རྣམས་ག་རེ་བྱས་ནས་བཞག་པ་ཡིན་དྲིས་པར། སྔོན་ཆད་ཆོས་དཔེ་འཇོག་སའི་དཔེ་མཛོད་ཁང་ལ་བསྐྱར་གསོ་བྱེད་སྐབས་སྒང་གི་ལྗིད་ཚད་ཉུང་འཕྲི་བྱེད་ཆེད། དཔེ་ཆ་རྣམས་ཁང་པའི་འོག་ཤོད་དུ་བཞག་པ་ཡིན་སྐོར་དང་། ལོ་རེ་བཞིན་ས་ཡོམ་སོགས་རང་བྱུང་གི་འཇིག་པ་སྔོན་འགོག་ཆེད། ཕོ་བྲང་པོ་ཏ་ལའི་ས་འོག་འཛུགས་སྐྲུན་གྱི་རྩིག་གྱང་དང་ཀ་བ་སོགས་ལ་ཆག་སྐྱོན་བྱུང་གི་ཡོད་མེད་ཞིབ་འཇུག་ཐེངས་རེར་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

ཡང་ཕོ་བྲང་པོ་ཏ་ལ་དོ་དམ་ཁང་གི་འགན་འཛིན་ལི་ལིན་ཧེ་(李林辉)་ཟེར་བ་ཞིག་གིས་གསར་འགོད་པར།  ཕོ་བྲང་པོ་ཏ་ལ་ནི་དུས་རབས་མི་འདྲ་ཞིག་གི་ནང་དུ་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་དེ་དག་ཅུང་རྙོག་འཛིང་ལྡན་པ་ཞིག་ཡིན་པས། ད་དུང་ཡང་ལྐོག་གྱུར་གྱི་གནས་མང་པོ་ཞིག་རྙེད་ཐུབ་མེད་ལ། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་སོགས་ཀྱིས་ཤེས་རྟོགས་ཐུབ་ཧ་ཅང་ཁག་པོ་ཆགས་ཡོད་པ་དང་། ལྟ་ཞིབ་འཕྲུལ་ཆས་ཀྱིས་ཀྱང་ཚོད་དཔག་བྱེད་ཁག་པོ་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ལ་ཁ་གཡར་ཏེ་བོད་ཀྱི་ཕོ་བྲང་པོ་ཏ་ལའི་ཕྱི་ནང་གི་རྟེན་དང་བརྟེན་པར་ཞིབ་བཤེར་ཐོ་འགོད་དང་གནས་ཡུལ་བརྗེ་སྤོར། ཉམས་ལེགས་བཅོས་ཟེར་བ་སོགས་མང་པོ་བྱས་ཡོད་པ་མ་ཟད། ཕྱི་ལོ ༢༠༡༠ ལོར་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་འོག་ཏུ་ཤར་ནས་ནུབ་ལ་སྦྲེལ་བའི་ས་འོག་གཞུང་ལམ་བཟོས་རྐྱེན། ཕོ་བྲང་གི་ཉེ་འཁོར་གྱི་ས་ངོས་སུ་སེར་ག་གས་ཏེ་ཕོ་བྲང་གི་བརྟན་གནས་ལ་གནོད་པ་བཟོ་ཡི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply