བོད་མིའི་སློབ་གྲྭ་ཁག་ ༨ ལྷག་སྒོ་བརྒྱབས་འདུག

སློབ་ཡོན་སོགས་ཀྱི་ཐོག་ནས་དཀའ་ངལ་ཡོད་པའི་བོད་ནས་ཡོང་བའི་སློབ་ཕྲུག་ཚོས་ཤེས་རིག་ལས་ཁུངས་ལ་སྙན་ཞུ་ཕུལ་ན་དམིགས་བསལ་གྱི་རོགས་རམ་གནང་རྒྱུ་ཡིན་སྐོར་གསུངས་སོང་།དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༨ པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ཏེ་སྤྱི་ཡོངས་ཀྱི་ལས་དོན་གནང་ཕྱོགས་སྐོར་ལ་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་ཚུད་པའི་སྔོན་འགྲོའི་སློབ་གྲྭའི་སློབ་གསོའི་གནས་བབ་དང་། ཉམ་ཐག་ཐོ་གཞུང་ལ་བསྐྱར་ཞིབ་བྱེད་དགོས་པ་དང་། བོད་འབྱོར་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་གཟིགས་རྟོག་དམིགས་བསལ་གནང་དགོས་གལ་ཆེ་བ། དེ་བཞིན་ད་བར་བོད་སློབ་ཅི་ཙམ་ཟླ་སྒྲིལ་དང་སྒོ་བརྒྱབས་ཡོད་མེད་དང་། བོད་སློབ་འཛིན་ཚོགས་ཀྱིས་སློབ་གྲྭ་ཅི་ཙམ་རྩིས་ལེན་བྱས་ཡོད་མེད། བོད་པའི་སློབ་གྲྭ་ཁག་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་འཁྲིད་དགོས་གལ་ཆེ་ཡིན་སྐོར་ནས་བཀའ་འདྲི་དགོངས་ཚུལ་བརྗོད་སོང་།

ཚོགས་ཐུན་དང་པོའི་ཐོག་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཉམ་ཐག་གི་ཐོ་གཞུང་དང་གཞིས་ཆགས་ཀྱི་ཐོབ་ཐང་ནང་མེད་པའི་བོད་འབྱོར་སློབ་མ་རྣམས་ལ་སློབ་ཡོན་སོགས་ཀྱི་ཐོག་ནས་དཔལ་འབྱོར་དཀའ་ངལ་ཡོད་པ་དང་། སློབ་ཕྲུག་དེ་རིགས་མཐོ་སློབ་ཏུ་ཞུགས་སྐབས་སློབ་ཡོན་གྱི་བརྒྱ་ཆ་མ་ལོངས་པ་ཡིན་ན་ཡང་དམིགས་བསལ་གཏོང་རྒྱུ་དང་། བརྒྱ་ཆ་ལོངས་པ་ཡིན་ན་ཡང་རྒྱུན་ལྡན་གྱི་སློབ་ཡོན་ཐོག་ལ་ཕྱག་དངུལ་འཕར་མ་གནང་རྒྱུ་སོགས་ཤེས་རིག་ནས་དམིགས་བསལ་གཟིགས་རྟོག་གནང་ཐབས་ཡོད་མེད་ཀྱི་བཀའ་འདྲི་གནང་བར་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས། བོད་ནས་འབྱོར་བའི་སློབ་མའི་ཁྲོད་དཔལ་འབྱོར་གྱི་དཀའ་ངལ་ཅན་ཡོད་པ་ཤེས་རིག་ལས་ཁུངས་ངོས་ནས་ཤེས་ཀྱི་ཡོད་པ་དང་། གལ་ཏེ་བཙན་བྱོལ་དུ་སྤུན་མཆེད་མེད་པ་དང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རྣམས་ཀྱིས་ཤེས་རིག་ལས་ཁུངས་ལ་དཀའ་ངལ་ཞུས་པ་ཡིན་ན་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་སྐོར་གསུངས་སོང་།སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས། དུས་རྒྱུན་བཙན་བྱོལ་སྤྱི་ཚོགས་ཁྲོད་གཞི་རིམ་དང་མཐོ་རིམ་སློབ་གསོའི་སྐོར་ནས་བགྲོ་གླེང་མང་པོ་ཡོང་གི་ཡོད་ཀྱང་། ཧ་ཅང་གལ་གནད་ཆེན་པོ་ཆགས་པའི་བུ་བཅོལ་ཁང་དང་སྔོན་འགྲོ་སློབ་གྲྭའི་སྐོར་ནས་གླེང་སློང་དེ་ཙམ་ཡོང་གི་མེད་པ་དང་། བུ་བཅོལ་ཁང་དེ་ནང་སྲིད་ལས་ཁུངས་ཀྱི་ཁོངས་སུ་ཡོད་པ་ལས་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་མེད་སྟབས། རང་ཤུགས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞིའི་ནང་ཚུད་ཀྱི་མེད་པའི་དངོས་ཡོད་གནད་དོན་འདིར་བསྐྱར་ཞིབ་བྱེད་དགོས་པ་གལ་ཆེན་ཡིན་སྐོར་དང་། ཤེས་ཡོན་ལྡན་པ་དང་དཔྱད་ཞིབ་རང་བཞིན་གྱི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་ཆེད། ཤེས་རིག་ལས་ཁུངས་ངོས་ནས་དྷ་ས་ཚུད་པའི་བོད་མིའི་གཞིས་ཆགས་ཁག་ནང་སྤྱི་དམངས་དཔེ་མཛོད་ཁང་བཟོ་དགོས་པ་གལ་ཆེན་དུ་མཐོང་གི་ཡོད་སྐོར་བརྗོད་སོང་བ་དང་། ཤེས་རིག་བཀའ་བློན་མཆོག་གིས་བུ་བཅོལ་ཁང་དེ་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་བཅུག་དགོས་མིན་ཐོག་གླེང་སློང་བྱེད་དགོས་པར་གཟིགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་དེའི་ཐོག་ཐག་ཆོད་པོའི་སྒོ་ནས་ཞུ་ཐབས་མེད་སྐོར་དང་། ཤེས་རིག་ལས་ཁུངས་ངོས་ནས་ད་ལྟའི་ཆར་དམིགས་ཡུལ་གཙོ་བོ་དེ་སློབ་གྲྭ་ཁག་གི་དཔེ་མཛོད་རྣམས་ཚད་དང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། འཛིན་ཁང་རེ་རེའི་ནང་ལ་དཔེ་ཁང་རེ་བརྒྱབ་རྒྱུ་དང་། ཤེས་ཡོན་ཚོགས་ཆེན་སྐབས་ཕྲུ་གུ་སོ་སོའི་ཁྱིམ་དུའང་དཔེ་ཁང་སོགས་དགོས་གལ་ཆེ་སྐོར་གྱི་དགོངས་ཚུལ་བྱུང་བར་ཡི་རང་བསྔགས་བརྗོད་ཡོད་སྐོར་གསུངས་སོང་།སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་ཁོངས་ནས་སློབ་གྲྭ་ག་ཚོད་ཅིག་རྩིས་ལེན་ཐུབ་མེད་པ་དང་། འབྱུང་འགྱུར་གྱི་ལོ་གཅིག་གཉིས་ནང་རྩིས་ལེན་གནང་ཐུབ་པའི་རེ་བ་ཡོད་མེད། ཕྱི་ལོ་ ༢༠༡༠ ལོ་ནས་ད་བར་སློབ་གྲྭ་ཅི་ཙམ་སྒོ་བརྒྱབས་པ་དང་ཅི་ཙམ་ཟླ་སྒྲིལ་བཏང་ཡོད་མེད་བཀའ་འདྲི་གནང་བར་ཤེས་རིག་བཀའ་བློན་མཆོག་གིས། ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཁོངས་ནས་འཛིན་རིམ་ ༡༢ ཅན་གྱི་མཱ་སུ་རི་དང་། སིམ་ལ། རྡོ་རྗེ་གླིང་། ཀ་ལིམ་པོང་། དྷ་ལ་ཧོ་སི། ཧཱ་པར་པུར་ས་གནས་བཅས་ཀྱི་སློབ་གྲྭ་ཁག་ ༦ རྩིས་ལེན་བྱ་རྒྱུ་ལྷག་ཡོད་པ་དང་། རྩིས་སྤྲོད་རྩིས་ལེན་ཐད་གཞན་དབང་སྟུབས་བསྟུན་ཡིན་པར་བརྟེན། ག་དུས་རྩིས་སྤྲོད་བྱ་མིན་གཏན་འཁེལ་བརྗོད་ཐབས་མེད་སྐོར་དང་། འདས་པའི་ལོ་ཤས་ནས་བཟུང་སྦེལ་ཀོབ་དང་། བདེ་སྐྱིད་གླིང་། སྒང་ཏོག་སོགས་སུ་ཡོད་པའི་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ ༤ ཙམ་སྒོ་བརྒྱབས་ཡོད་པ་དང་། བོད་ཁྱིམ་ཁྱབ་ཁོངས་ལ་དྭགས་ཀྱི་ལྕོག་ལམ་སར་དང་ཨག་གླིང་། དེ་བཞིན་བལ་ཡུལ་གྱི་སློབ་གྲྭ་གཉིས་བཅས་ཁྱོན་སློབ་གྲྭ་ ༤ ལྷག་སྒོ་བརྒྱབས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply

5 thoughts on “བོད་མིའི་སློབ་གྲྭ་ཁག་ ༨ ལྷག་སྒོ་བརྒྱབས་འདུག

  1. ༄༅། སྟོབས་རྒྱལ་ཚེ་རུང་ལགས་བཀའ་བློན་དུ་སྤྱི་འཐུས་ལྷན་ཚོགས་ནས་འོས་ཆོས་ཚང་བར་
    མོས་མཐུན་གནང་ཡོད་ཀྱང་ཁྲིམས་ཞིབ་ཁང་ནས་ངོས་ལེན་མ་གནང་བའི་གང་ཡིན་མང་ཚོགས་ལ་
    དྲང་བདེན་གསལ་བཤད་གནང་དགོས་།
    སྤྱི་་འཐུས་ལྷན་ཚོགས་ཀྱི་་ཚོགས་གཙོ་མཆོག་ནས་བཅའ་ཁྲིམས་ནང་གསལ་ལྟར་གསལ་བཤད་གནང་བ་དེ་
    མ་འགྲིགས་པ་ཡིན་ནམ། དང་ཐོག་ནས་མགོ་ཚོས་པ་གནང་དགོས་པ་དེ་གལ་ཆེན་པོ་རེད།
    སྟོབས་ཚེ་ལགས་ཡར་མིན་མར་མིན་འདི་མུར་བཞག་ན་ཁྲིམས་ལ་འགྲོ་གི་ཨ་ཡིན།