བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་བཏོན།

དེ་རིང་སྔ་དྲོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ ༼རླབས་ཆེན་གྱི་ཐོལ་བརྒལ། བོད་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་ངོ་ ༦༠ འཁོར།༽ཞེས་པའི་དོན་ཚན་བཅུ་ཅན་གྱི་བོད་སྐོར་རྒྱབ་ཤ་དཀར་པོའི་དེབ་ཅིག་གསལ་བསྒྲགས་བྱས་འདུག་པ་དང་། དེབ་དེའི་ནང་བོད་ཀྱི་ལོ་རྒྱུས་ནང་དམངས་གཙོ་བཅོས་བསྒྱུར་ནི་སྤྱི་ཚོགས་ཀྱི་འགྱུར་བ་ཆེ་ཤོས་དེ་ཡིན་ལ། དེ་ནས་བཟུང་མུན་ནག་གི་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་སྤྱི་ཚོགས་གསར་པའི་ལམ་ལུགས་སྤེལ་ཡོད་པ་དང་། མི་མང་ལ་བཅིངས་གྲོལ་ཐོབ་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ཡིན་ལ། ཐོབ་ཐང་ཁག་འགན་ལེན་ཡོངས་སུ་བྱས་ཡོད་སྐོར་བརྗོད་འདུགདེ་རིང་གྲོས་ཚོགས་ནང་རྒྱབ་ཤ་དཀར་པོའི་དེབ་དེའི་སྐོར་ལ་སྲིད་སྐྱོང་མཆོག་གིས། ཕལ་ཆེར་དེ་རིང་སང་ཉིན་ཞིག་ལ་རྒྱ་ནག་གཞུང་གིས་བོད་དོན་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་འདོན་རྒྱུ་རེད་འདུག དེབ་དེ་བཏོན་ཡོང་དུས་ཕྱོགས་གཅིག་ནས་བལྟས་པ་ཡིན་ན། ང་ཚོས་རྒྱབ་ཤ་དཀར་པོའི་དེབ་དེར་ལན་འདེབས་བྱས་ཚར་ཡོད་པས་དེ་ལ་ལན་འདེབས་འདྲ་པོ་རེད། གང་ཡིན་ཟེར་ན། འདིའི་ནང་དུ་ང་ཚོའི་རྒྱལ་རབས་ལོ་རྒྱུས་སྐོར་དང་རང་ལུས་མེར་སྲེག་སྐོར། གཙོ་ཆེ་ཤོས་ཡང་སྲིད་སྐོར་ལ་ཡོད་དུས་ཕལ་ཆེར་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་ཡིན་ནའང་འདི་ལ་ལན་འདེབས་བྱས་ནས་བཏོན་གྱི་ཡོད་པ་ཞིག་ལ་ཚོད་དཔག་བྱས་ནའང་མ་འགྲིག་པ་ཅི་ཡོད་པ་མ་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་འདི་གལ་ཆེན་པོ་ག་འདྲ་བརྩི་ཡི་ཡོད་པ་རེད་ཟེར་ན། ཕྱི་ལོ་ ༡༩༩༡ ནས་ད་ལྟ་བར་དུ་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ ༡༡༣ བཏོན་ཡོད་པ་དང་། དེའི་ནང་ནས་ ༡༣ དེ་བོད་རང་གི་སྐོར་ལ་བཏོན་ཡོད་པ་རེད། རྒྱབ་ཤ་དཀར་པོའི་དེབ་ལ་བརྒྱ་ཆ་བགོས་པ་ཡིན་ན་བརྒྱ་ཆ་ ༡༢ བོད་ཀྱི་སྐོར་ལ་བཏོན་ཡོད་པ་རེད། བོད་ཀྱི་མི་འབོར་དེ་རྒྱ་ནག་ནང་བརྒྱ་ཆ་ཚེག་བཞི་ཡིན་པ་དང་། རྒྱབ་ཤ་དཀར་པོའི་དེབ་ཀྱི་བརྒྱ་ཆ་ ༡༢ བོད་ཀྱི་སྐོར་ལ་འདོན་གྱི་ཡོད་དུས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་བདེན་པའི་མེ་དེ་འཛམ་གླིང་ཡོངས་ཀྱི་ནང་ཁྱབ་འགྲོ་དུས། རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་གཅིག་དང་གཉིས། གསུམ་བཞི་བྱས་ཏེ་ ༡༣ བཏོན་ཚར་ཡོད་པ་དང་། ད་དུང་འདོན་གྲབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བཞག་པ་དེ་ཚོར་རྒྱ་ནག་གཞུང་གིས་དོ་སྣང་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་རིང་པེ་ཅིན་གྱི་གསལ་བསྒྲགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་གཞོན་པ་ནོར་བུ་དོན་གྲུབ་ཟེར་བ་ཞིག་གིས། རྒྱ་ནག་བོད་ནང་མ་བསླེབས་སྔོན་བོད་ཀྱི་སྤྱི་ཚོགས་ནི་ཆེས་མུན་ནག་དང་གདུག་རྩུབ་ཅན་ཞིག་དང་། ཏཱ་ལའི་བླ་མས་བོད་སྣེ་འཁྲིད་བྱེད་པའི་སྐབས། མི་མང་ངམ་བྲན་གཡོག་ཚོ་ནི་ཉོས་ཆོག་གི་རེད་ལ་བཙོང་ཡང་ཆོག་གི་རེད། དེ་བཞིན་བཙོན་ཏུ་བཅུག་ཆོག་གི་རེད་ལ་བསད་ཀྱང་ཆོག་པ་རེད།  ཏཱ་ལའི་བླ་མས་ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེར་ཀུན་སློང་གཞན་ཞིག་ཏན་ཏན་ཡོད་པ་རེད། ཁོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བས་དེའི་ཐོག་ཁོ་ལ་སྐད་ཆ་བཤད་པའི་ཐོབ་ཐང་དང་འོས་བབ་མེད་ལ། བཤད་པ་དེར་རིན་ཐང་ཅི་ཡང་ཡོད་པ་མ་རེད། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་ཁ་རྡུང་གཏོང་གི་ཡོད་པ་རེད། དེ་ནི་ཁོང་ཚོས་ཏཱ་ལའི་རུ་ཚོགས་ཀྱི་འཆལ་གཏམ་ལ་ཡིད་ཆེས་བྱེད་པའམ། རྒྱུས་ལོན་མ་བྱུང་བ། ཡང་ན་ངན་སྔགས་བྱས་ཡོད་པས་རེད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཧ་ལས་པའི་ཡག་པོ་ཡོད་པ་རེད། ཅེས་གཞི་མེད་བསྙོན་འཛུགས་དང་དྲང་བདེན་མིན་པའི་གཏམ་བཤད་བྱས་ཡོད་འདུགསྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་གཞུང་གིས་བོད་རང་བཙན་ལ་འདོད་མོས་ཡོད་མེད་ཐད་བོད་ནང་གི་བོད་མི་ཚོར་མང་མོས་འོས་བསྡུ་ཞིག་བྱེད་སྲིད་མིན་དྲིས་པར་ཁོས། བོད་ནི་གནའ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོས་བོད་ནི་རང་བཙན་ཡིན་པ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་ལ། ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་ངོས་ལེན་བྱེད་ཀྱི་མེད་པ་རེད། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་གི་བོད་ཀྱི་མི་མང་ཚོ་ད་ལྟ་སྐྱིད་པའི་འཚོ་བར་རོལ་བཞིན་པ་རེད། ཅེས་བརྗོད་འདུག

དེ་རིང་ཕྱིར་བསྒྲགས་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་བོད་ཀྱི་ཁོར་ཡུག་སྐོར་བཀོད་པའི་ནང་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་དང་བོད་ཀྱི་སྐྱེས་ཁམས་སྲུང་སྐྱོང་གིས་འཛམ་གླིང་སྤྱིའི་སྐྱེས་ཁམས་སྙོམ་སྒྲིག་བྱེད་པར་གལ་ཆེན་ནུས་པ་ཐོན་གྱི་ཡོད་པས། རྒྱ་ནག་དབུས་གཞུང་དང་བོད་རང་སྐྱོང་ལྗོངས་ཟེར་བས་རྟག་ཏུ་བོད་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་གལ་ཆེ་ཤོས་སུ་ངོས་འཛིན་དང་། ད་དུང་མུ་མཐུད་དེ་འབྲེལ་གྱི་བྱ་འགུལ་སྤེལ་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༡༩༨༨ ལོར་བོད་ཀྱི་སྐྱེས་ཁམས་སྲུང་སྐྱོང་བྱེད་མགོ་བརྩམས་པ་ནས་ད་བར་བོད་ལྗོངས་ནང་རང་བྱུང་སྐྱེས་ཁམས་སྲུང་སྐྱོང་ས་གནས་ཁག་ ༤༧ གཏན་འཁེལ་བྱས་ནས་ས་ཁྱོན་གྱི་བརྒྱ་ཆ་ ༣༤།༣༥ ཟིན་ཐུབ་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ནས་ནགས་ཚལ་དང་རྩྭ་ཐང་། གཤིན་ས་སོགས་སྐྱེས་ཁམས་ཀྱི་ས་གནས་གལ་ཆེན་ཁག་ལ་སྒོར་དུང་ཕྱུར་ ༣༡༦ བཏང་ཡོད་ལུགས་དང་། རྒྱུག་ཆུའི་མགོ་ཁུངས་སྲུང་སྐྱོང་དང་གནམ་མཚོ་སོགས་ཀྱི་མཚོ་ཁམས་བསྐྱར་གསོ་ཡོང་ཐབས་ཀྱི་སྲིད་བྱུས་སོགས་མགོ་བཙུགས་ཡོད་པས། རྒྱུག་ཆུ་དང་མཚོ་མོ་གཙོ་བོ་ཁག་ནི་རང་བཞིན་གྱི་གནས་བབ་ཐོག་ཡོད་སྐོར་བསྒྲགས་འདུག

ཆོས་དད་རང་མོས་སྐོར་བརྗོད་པའི་ནང་རྒྱ་ནག་གི་རྩ་ཁྲིམས་ནང་མི་སེར་གང་ཞིག་གི་ཆོས་ལུགས་དད་མོས་ལ་དགག་བྱ་བྱས་མེད་པ་དང་། བོད་དམངས་གཙོའི་བཅོས་བསྒྱུར་བྱས་པ་ནས་བཟུང་ཆོས་དང་སྲིད་ཁ་ཁར་དབྱེ་ནས་འཛིན་སྐྱོང་དང་། མི་རིགས་ཚང་མའི་རང་དབང་གི་ཆོས་དད་ལ་རྩ་ཁྲིམས་དང་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད་ཚུལ་དང་། རྒྱ་ནག་དབུས་གཞུང་དང་བོད་ལྗོངས་ཀྱིས་བོད་ཀྱི་ཐུན་མིན་གྱི་ནང་བསྟན་ཡང་སྲིད་ལམ་ལུགས་ཐོག་བརྩི་བཀུར་བྱེད་བཞིན་ཡོད་པས། ཀརྨ་པ་སྐུ་ཕྲེང་ ༡༦ མཆོག་དང་༧པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་གི་ཡང་སྲིད་སོ་སོར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་བྱེད་སྒོ། གསེར་བུམ་དཀྲུགས་རྗེས་དབུས་གཞུང་ལ་ངོས་འཛིན་གྱི་ཆོག་མཆན་ཞུས་ཡོད་པར་བརྩི་བཀུར་བྱས་ཡོད་པ་བཞིན། འདས་ལོར་སྤྲུལ་སྐུ་ ༩༡ ངོས་འཛིན་བྱས་ཡོད་ཚུལ་སོགས་བརྗོད་འདུག

ད་ལྟ་བར་དུ་རྒྱ་ནག་གཞུང་གིས་བོད་དོན་སྐོར་དང་བོད་སོགས་གྲངས་ཉུང་མི་རིགས་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ ༡༤་བཏོན་ཡོད་པ་དང་། འདི་ལོར་བཏོན་པའི་དེབ་དེར་ཁྱོན་ཡིག་འབྲི་ ༢༥༠༠༠ ལྷག་ཡོད་པའི་ནང་། མུན་ནག་གི་བཀས་བཀོད་བརྒྱུད་འཛིན་ཤིང་བྲན་གཡོག་ལམ་ལུགས་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་ནམ་ཡང་བཀག་འགོག་མི་ཐུབ། བཀས་བཀོད་བརྒྱུད་འཛིན་བྲན་གཡོག་ལམ་ལུགས་རྩ་མེད་གཏོང་བ་ཞེས་པ་དང་། མི་མང་གི་འཚོ་བ་རང་བདག་གི་རེ་འདོད་མངོན་འགྱུར་བྱུང་བ་དང་། ཐོན་སྐྱེད་ཀྱི་ནུས་པ་བཅིངས་གྲོལ་དང་འཕེལ་རྒྱས་བཏང་བ། ལས་རིགས་ཀྱི་འཕེལ་རྒྱས་སྐུལ་འདེད་དང་། སྐྱེས་ཁམས་ཀྱི་དཔལ་ཡོན་འཛུགས་སྐྲུན་མཐོར་འདེགས། ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོང་། མི་རིགས་འདྲ་མཉམ་དང་འཆམ་མཐུན་ཡར་སྐུལ་བཏང་བ། བོད་ཀྱི་འཕེལ་རྒྱས་དུས་རབས་གསར་པའི་ནང་བསླེབས་ཡོད་སྐོར་བཅས་དོན་ཚན་བཅུ་དུ་བགོས་ཏེ་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༣/༢༧

Leave a Reply

One thought on “བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་བཏོན།

  1. གཞུང་པ་ཚེ་དབང་བསོད་ནམའ་

    རྒྱ་ནག་གི་བོད་མུན་ནག་བཟོས་ནས་ལོ་དྲུག་བཅུ་འཁོར་བ་དང་རྒྱ་ནག་གི་བོད་ཀྱི་དགོན་
    པ་དྲུག་སྟོང་རྩ་མེད་བཏང་ནས་ལོ་དྲུག་བཅུ་འཁོར་བ་དང་རྒྱ་ནག་གི་བོད་མི་ས་ཡ་གཅིག་
    ལྷག་ཙམ་དམར་བསད་བཏང་ནས་ལོ་དྲུག་བཅུ་འཁོར་བ་དང་རྒྱ་ནག་གི་ཕ་མ་བུ་ཕྲུག་སྟོང་
    ཚོ་མང་པོ་གསོན་བྲལ་བཏང་ནས་ལོ་དྲུག་བཅུ་འཁོར་བའི་ལོ་འདིར་བོད་མི་རིགས་ལ་རྒལ་
    ཚིག་དང་ཁྲག་རྩ་ཡོད་ན་ད་ལོ་ས་ཕག་ལོ་འདི་ལ་བོད་དོན་བདེན་མཐའ་་སེལ་ཐུབ་པའི་འགན་
    འཁུར་ལེན་དགོས་པ་དེ་བོད་མི་ཙམ་པ་ཟ་མཁན་ཚོའི་རང་འགན་ཡིན་པ་ཤེས་དགོས།