གསར་འབྱོར་བ་ ༡༣༠༠ ཙམ་གྱིས་ནང་སྲིད་ལས་ཁུངས་ལ་ས་ཁང་ཆེད་ཐོ་འགོད་བྱས་འདུག

དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༩ པའི་ཐོག ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ཏེ་སྤྱི་ཡོངས་ཀྱི་ལས་དོན་སྐོར་ལ་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་ནང་གཞིས་ཆགས་སྲ་བརྟན་ཐོག་འགྲོ་གྲོན་འབོར་ཆེན་གཏོང་བཞིན་ཡོད་པ་ལེགས་པོ་ཡོད་ཀྱང་། བོད་ནས་གསར་དུ་འབྱོར་བ་ཚོར་སྡོད་སའི་གནས་མེད་ལ། སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱང་གང་མང་ཐེབས་ཀྱི་ཡོད་སྟབས། ཕྱི་མ་དྲག་པའི་ཐོག་ནས་གཟིགས་རྟོགས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་བ་དང་། དེའི་ཐད་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཀའ་ཤག་གི་ལས་ཡུན་མ་རྫོགས་གོང་དུ་གསར་འབྱོར་ཚོར་འཛུལ་ས་ཤིག་རག་ཐབས་མུ་མཐུད་གནང་གི་ཡོད་སྐོར་གསུངས་སོང་ལ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བོད་ནས་ཡོང་བའི་གསར་འབྱོར་ཚོར་ས་ཆ་ཉོ་བ་དང་ཁང་པ་རྒྱག་ཐབས་སོགས་ཀྱི་ཆེད་དུ་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ནང་ཧིན་སྒོར་ས་ཡ་ ༥༠ འཆར་འབུལ་ཞུས་འདུགདེ་ཡང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས། བཙན་བྱོལ་ནང་གཞིས་ཆགས་སྲ་བརྟན་ཐོག་འགྲོ་གྲོན་འབོར་ཆེན་གཏོང་བཞིན་ཡོད་པ་ནི་གལ་ཆེན་དང་ཡག་པོ་རེད་ལ། གཞིས་ཆགས་ཁག་ཏུ་བཞུགས་པའི་བོད་རིགས་ཚོར་བཟང་ངན་ལ་མ་ལྟོས་པར་སོ་སོའི་མགོ་འཛུལ་ས་དང་། ངའི་ཁང་པ་ཡིན་བསམ་པའི་འཚོ་རྟེན་ཞིག་ཡོད་མོད། འོན་ཀྱང་། བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་སོ་སོའི་མགོ་འཛུལ་ས་ཕར་ཞོག་མཐའ་ན་ངའི་ཁང་པ་ཡིན་བསམ་པའི་ཚོར་སྣང་ཙམ་ཡང་སླེབ་ཀྱི་མེད་པ་དང་།  རྒྱ་གར་ཁང་བདག་ཚོས་རྒྱུགས་ལབ་ན་འགྲོ་རྒྱུ་མ་གཏོགས་བྱེད་ཐབས་གང་ཡང་མེད་པ་དང་། གསར་འབྱོར་མང་པོ་ཞིག་བོད་ནང་ཕྱིར་ལོག་འགྲོ་ཡི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕར་ནས་འདུག་མ་བཅུག་པར་ཕྱིར་ལོག་གཏོང་གི་ཡོད་པ་དང་། གཞིས་ཆགས་ཁག་གི་ནང་དུའང་མ་ཚུད་པར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། སྡོད་གནས་ངེས་གཏན་མེད་ལ་ཡོང་འབབ་ཉུང་ཉུང་ལས་མེད་པའི་གསར་འབྱོར་ཚོར་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐོག་ནས་དཀལ་ངལ་འཕྲད་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་རོགས་རམ་བྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་སོང་།

དེའི་ཐད་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་སྟོབས་རྒྱལ་མཆོག་གིས། ཕྱི་ལོ་ ༡༩༧༠ དང་ ༡༩༨༠ ནང་བོད་ནས་ཡར་ཕེབས་མཁན་ཉུང་ཉུང་ཡིན་པའི་སྐབས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་ཐོག་མར་ཁོ་ཚོའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལ་དགོངས་པ་ཆེན་པོ་བཞེས་ཏེ་ཐད་ཀར་སྐུ་སྒེར་ཡིག་ཚང་ངོས་ནས་གཟིགས་རྟོགས་གནང་བའི་གནས་སྟངས་བྱུང་བ་རེད། དེ་ནས་ལོ་རེ་བཞིན་བོད་ནས་ཕེབས་མཁན་ཇེ་མང་དུ་ཕྱིན་པར་བརྟེན། ཕྱི་ལོ་ ༡༩༨༠ ནང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ནས་ཕེབས་མཁན་ཚོའི་ཆེད་དུ་ཟུར་དུ་ཡིག་ཚང་ཞིག་བཙུགས་ན་གསུངས་པ་ནང་བཞིན་སྣེ་ལེན་འབྲེལ་མཐུད་ཁང་ཟེར་བ་དེ་བཙུགས་པ་རེད། བོད་ནས་ཕེབས་ཡོང་མཁན་ཚོར་སྣེ་ལེན་འབྲེལ་མཐུད་ཙམ་མ་ཡིན་པར་བོད་ནང་གི་རྒྱ་ཆེ་མང་ཚོགས་དང་འབྲེལ་བ་མཐུད་ཐུབ་པའི་སྣེ་ལེན་འབྲེལ་མཐུད་ཁང་ཟེར་བ་དེ་མིང་རྫིག་པོ་ཞིག་ཡོད་པ་རེད་དེ། སྣེ་ལེན་འགན་འཛིན་ངས་ཀྱང་ལོ་ ༢ ལྷག་ཙམ་བྱས་ཡོད་ནའང་སྣེ་ལེན་ཞུས་པ་ཙམ་མ་གཏོགས་འབྲེལ་བ་གང་ཡང་འཛུགས་ཐུབ་ཀྱི་ཡོད་པ་མ་རེད།  འབྲེལ་བ་མཐུད་པའི་འགན་ཡང་ཡོད་པ་མ་རེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ངོ་མ་ནི་སྣེ་ལེན་ཞུས་པ་ཙམ་མ་ཡིན་པར་རྒྱ་ཆེ་མང་ཚོགས་དང་འབྲེལ་བ་མཐུད་དེ་ཁོ་ཚོའི་གནས་སྟངས་ག་འདྲ་ཡོད་མེད་ཐོག་སྐབས་དོན་ལག་ལེན་བསྟར་དགོས་པ་དེ་རེད། ཅེས་དང་། སྣེ་ལེན་ཁང་བརྒྱུད་གསར་འབྱོར་བོད་མི་ཚོས་འགྲོ་གྲོན་སྒོར་གཅིག་ཀྱང་གཏོང་མ་དགོས་པར་ལྡི་ལི་དང་དྷ་ས། དེ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཟིམ་ཆུང་མཇལ་ཁ་ཐོབ་རྗེས་སྒྲིག་འཛུགས་ཤིག་གི་ནང་མ་ཞུགས་བར་དུ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བསྡད་ཡོད་སྐོར་དང་། དེང་སྐབས་མཐོ་རིམ་སློབ་གྲྭ་ནས་ཐོན་བཞིན་པའི་ནང་གི་རིག་གནས་རམས་བྱམས་པ་སོགས་ཀྱི་བརྒྱ་ཆའི་མང་ཤོས་དང་། བཙུན་དགོན་ཁག་གི་དགེ་བཤེས་ལྷ་རམས་པ་སོགས་མཁས་དབང་རྣམ་པ། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་བོད་ནས་ཕེབས་མཁན་མི་ཉུང་བ་ཞིག་ཡོད་པ་མ་ཟད། ཐ་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ར་བའི་ནང་བོད་ནས་ཕེབས་པའི་འཐུས་མི་མང་པོ་ཡོད་པ་དང་། ཆུང་ས་ནས་ཁང་གླ་རག་དང་མ་རག་སོགས་སྒེར་ཐོག་ནས་གལ་ཆེན་པོ་ཡིན་ཡང་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་ཕེབས་མཁན་ཚོར་གཟིགས་རྟོགས་ཡག་པོ་གནང་གི་ཡོད་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས། ད་ལྟ་ནང་སྲིད་ལ་ཐོ་འགོད་ཟིན་པ་བོད་མི་གསར་འབྱོར་བ་ཁྱོན་ ༡༣༠༠ ཙམ་ཡོད་པའི་ནང་ནས་ལྡི་ལི་ཁུལ་དུ་མི་ ༡༥༠ དང་། རྡེ་ར་ལྡུན་དུ་མི་ ༡༤༠ ཙམ། དེ་བཞིན། བཞུགས་སྒར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་ནོར་གླིང་དང་མཚོ་པདྨ་སོགས་སུ་མི་གྲངས་༨༠༠ ནས་ ༩༠༠ བར་ཡོད་པ་དང་། དེ་ཚོའི་ཐད་ད་ལྟའི་བར་དུ་ནང་སྲིད་ངོས་ནས་གང་ལ་གང་འཚམ་བྱས་ཡོད་ལ། དཔེར་ན་དྷ་རམ་ས་ལའི་ཉེ་འཁྲིས་སུ་ས་ཆ་རག་ཐབས་སུ་འབད་བརྩོན་མུ་མཐུད་ཞུས་བསྡད་ཡོད་པ་དང་། ས་ཆ་རག་ཐབས་སུ་བཀུར་འོས་སྤྱི་འཐུས་ཁག་ཅིག་བརྒྱུད་ནས་ཀྱང་འབད་བརྩོན་ཞུས་ཡོད་སྟབས། ད་ལོའི་སྔོན་རྩིས་ནང་དམིགས་བསལ་དགོངས་པ་བཞེས་པའི་ཐོག་ནས་ཧིན་སྒོར་ས་ཡ་ ༥༠ ཞུས་ཏེ། བཀའ་ཤག་གི་ལོ་དུས་ལྷག་མ་དེ་མ་རྫོགས་གོང་ཁོང་ཚོར་འཛུལ་ས་ཤིག་ཡོད་པར་དགོངས་པ་བཞེས་ཀྱི་ཡོད་ཀྱང་། རྒྱ་ཆེ་མང་ཚོགས་ཀྱི་ཐོག་ནས་ཀྱང་འགོག་རྐྱེན་མ་ཡོང་བ་ཞིག་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།གཞན་ཡང་། སྤྱི་འཐུས་ཁག་ཅིག་གིས་གཞིས་ཆགས་སྲ་བརྟན་དང་འབྲེལ་ཏེ་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་བསྐོ་བཞག་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། མ་གཞི་ནས་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་གལ་ཆེན་ཡིན་ཡང་། ཁོང་ཚོ་མགྱོགས་པོར་འཕོ་འགྱུར་གཏོང་གི་ཡོད་པ་དེས་གཞིས་ཆགས་སྲ་བརྟན་ལ་གྱོང་གུད་ཐེབས་ཀྱི་ཡོད་པར་བརྟེན། ས་གནས་གཞིས་མགོ་ཚོའི་གནས་རིམ་སྤར་དགོས་སྐོར་བརྗོད་སོང་བ་དང་། དེའི་ཐད་ནང་སྲིད་བཀའ་བློན་མཆོག་གིས་སྦེལ་ཀོབ་ལུགས་བསམ་ནི་གཞིས་ཆགས་ཆེ་གྲས་ཤིག་ཡིན་ནའང་། བར་ལམ་གནས་སྟངས་ཤིག་གི་རྐྱེན་པས་དེ་འདྲ་ཆགས་པ་རེད། རྩ་བའི་ང་ཚོས་ཨ་རི་ནས་ཟུང་དྲུང་ཞིག་ཚུར་གནས་སྤོར་བྱས་ཏེ་གཞིས་མགོར་བསྐོ་རྒྱུ་བྱས་པ་རེད། ཁོང་ཚུར་ཡོང་བར་གྲ་སྒྲིག་ཆ་ཚང་གཏན་འཁེལ་རྗེས་ཁོང་ཡོང་མ་ཐུབ་པའི་གནས་སྟངས་བྱུང་བའི་རྐྱེན་གྱིས་གཞིས་མགོ་བསྐོ་བཞག་ཐུབ་མེད་པར་ལྷག་པ་དང་། ད་ལྟ་གྲོས་ཚོགས་ཀྱི་དུས་ཚོད་དང་ལས་རིམ་དེ་ཚོ་འགྲོ་དགོས་ཡོད་དུས་ལམ་སང་བསྐོ་ཐུབ་ཀྱི་མེད་པས། གནས་སྐབས་རིང་གཞིས་མགོ་དང་ལྷོ་སྤྱི་གཅིག་ལྕོགས་བྱེད་རོགས་ལབ་པ་ཡིན། གྲོས་ཚོགས་ཚར་བའི་རྗེས་ལ་ང་ཚོ་བཀའ་ཤག་ལྷན་འཛོམས་ཐོག་གཞིས་མགོ་ཞིག་ཏན་ཏན་བསྐོ་བཞག་བྱ་རྒྱུ་ཡིན། གང་བསྐོས་བཞག་པ་དེ་ཡུན་རིང་འདུག་ཐུབ་ཚེ་ང་ཚོར་དེ་ག་རང་དགོས་ཀྱི་ཡོད་ཀྱང་།དོ་བདག་སྒེར་གྱི་དཀའ་ངལ་མང་པོ་ཞིག་གི་རྐྱེན་པས་དགོངས་པ་ཞུ་ཡི་འདུག དགོངས་པ་མ་བཏང་ན་རྩ་དགོངས་སུ་འགྲོ་རྒྱུ་མ་གཏོགས་ཡོད་པ་མ་རེད། སྒེར་དང་སྤྱི་བྱས་པ་ཡིན་ན་རང་དོན་བློས་བཏང་ནས་སྤྱི་རྩ་ཆེ་རུ་རྩི་མཁན་ང་ཚོའི་སྤྱི་ཚོགས་ནང་དཀའ་ལས་ཁག་པོ་ཆགས་འདུག ཅེས་གསུངས་སོང་།

ཡང་མཉམ་འབྲེལ་གྱི་ད་ལྟའི་གནས་སྟངས་ཡར་རྒྱས་གཏོང་གལ་ཆེན་པོ་ཡིན་སྐོར་དགོངས་ཚུལ་བྱུང་བའི་སྐོར་ལ་ནང་སྲིད་བཀའ་བློན་མཆོག་གིས།  ཕྱི་ལོ་ ༢༠༠༤ དང་ ༢༠༠༥ ཙམ་ནས་མཉམ་འབྲེལ་དེ་དགོས་མཁོའི་དབང་གིས་ཁ་ཁ་བཟོས་པ་རེད། ཁ་ཁ་བཟོས་ནས་ལོ་བཅུ་གྲངས་ཤིག་ཕྱིན་པ་རེད་དེ། ད་ལྟའི་གནས་བབ་ལ་བལྟས་ཡོང་དུས། རྩ་བའི་གང་ཐུབ་ཅི་ཐུབ་གནང་གི་ཡོད་ཀྱང་ད་ལྟའི་གནས་བབ་དེ་ཐོག་མའི་རེ་བ་བརྒྱབས་པ་ནང་བཞིན་ཞིག་ཡོང་ཐུབ་ཡོད་ཟེར་རྒྱུ་དེ་དཀའ་ལས་ཁག་པོ་ཆགས་འདུག མ་འོངས་པར་བོད་མིའི་སྒྲིག་འཛུགས་གནས་དང་མ་གནས་ཀྱི་གནས་སྟངས་ཤིག་ཆགས་པའི་ཉིན་མོ་དེར། ཁྲིམས་ཀྱི་འོག་ལ་དེབ་སྐྱེལ་བྱས་པའི་མཉམ་འབྲེལ་ཁག་གིས་སོ་སོའི་ས་ཁུལ་གྱི་མི་མང་རྣམས་ཧྲ་ཐག་ཐག་འཚོ་ཐུབ་པའི་གནས་བབ་ཅིག་བྱུང་བ་ཡིན་ན། མཉམ་འབྲེལ་འཛུགས་དགོས་པའི་ཕུགས་ཀྱི་དགོངས་པ་དེ་བོད་མིའི་སྒྲིག་འཛུགས་མ་གནས་ནའང་བོད་མི་ཚོ་ཁ་འཐོར་དུ་གནས་ཐུབ་པ་དེ་རེད། དེར་བརྟེན། དེ་ཡོང་དང་མ་ཡོང་ཟེར་བ་དེ་བ་ཉལ་སྟངས་དང་བེའུ་སྐྱེས་སྟངས་ཟེར་བ་ནང་བཞིན་ང་ཚོར་བློ་འཚབ་ཡོང་གི་འདུག དེ་བཞིན། ས་གནས་མགོ་འཛིན་མཉམ་འབྲེལ་གྱི་ཚོགས་གཙོར་བསྐོ་རྒྱུ་ནི་འདས་པའི་ཁྲིམས་ཐོག་ནས་དཀའ་ངལ་གང་ཡང་མེད་པ་དང་། བར་ལམ་དགོས་དབང་གིས་ཟུར་དུ་བཞག་པ་རེད། ད་ལྟ་ས་གནས་མགོ་འཛིན་མཉམ་འབྲེལ་གྱི་ཚོགས་གཙོར་བསྐོ་བར་ང་ཚོའི་གྲོས་ཚོགས་ནང་ཁྲིམས་འཆར་བཏོན་པ་ཡིན་ན་འཛིན་སྐྱོང་ངོས་ནས་ལག་ལེན་བསྟར་བར་སྟབས་བདེ་པོ་ཆགས་འགྲོ་ཡི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༢༨

Leave a Reply

2 thoughts on “གསར་འབྱོར་བ་ ༡༣༠༠ ཙམ་གྱིས་ནང་སྲིད་ལས་ཁུངས་ལ་ས་ཁང་ཆེད་ཐོ་འགོད་བྱས་འདུག

  1. གཞུང་པ་ཚེ་དབང་བསོད་ནམའ་

    གསར་འབྱོར་ཟེར་བའི་ཐ་སྙད་དེ་ལས་རྗེས་འབྱོར་དང་སྔོན་འབྱོར་ལབ་ན་ག་
    འདྲ་འདུག་དོན་དངོས་བོད་མི་ནང་ཁུལ་ལ་བསམ་ཚུལ་མཐུན་པའི་ཐ་སྙད་བེད་སྤྱོད་
    གནང་རོགས་ཐུགས་རྗེའི་གཟིགས།

  2. གཞུང་པ་ཚེ་དབང་བསོད་ནམའ་

    ནང་སྲིད་བཀའ་བློན་གྱི་བཀའ་ལན་གནད་ལ་འཁེལ་བ་
    གསུང་སོང་རྗེས་སུ་ཡིད་རངས་ཡོད།