མ་འོངས་ལོ་ ༢༠ ནས་ ༣༠ དང་ ༥༠ བར་ལྔ་དང་ལྔ་བཅུའི་འཆར་སྣང་ལ་བརྒྱ་ཆ་བརྒྱ་གྲུབ་འབྲས་སོན་པ་ཞིག་ཡོང་གི་རེད།

བཀའ་ཤག་གི་སྤྱི་ཡོངས་ལས་དོན་ཐོག་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་པ་དེར་སྤྱི་འཐུས་མང་པོས་ཆ་ཤས་བླངས་ཏེ་དགོངས་ཚུལ་དང་དོགས་འདྲི་མང་པོ་གནང་སོང་བ་དང་། དེ་ལ་བཀའ་ཤག་གིས་བསྐྱར་དུ་ལན་འདེབས་གསལ་བཤད་གནང་སོང་།སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་བཀའ་ཤག་གི་ལས་དོན་བྱེད་དགོས་པ་གནད་འགག་ཆེ་ཤོས་ནི་དབུ་མའི་ལམ་བརྒྱུད་ནས་རྒྱ་ནག་དང་གྲོས་མོལ་བྱ་དགོས་པ་དེ་ཆགས་ཡོད་སྟབས། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་འཆར་ཡོད་མེད་དང་། དེ་སྔོན་བཀའ་ཤག་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་རེ་བ་ཡོད་སྐོར་ཞེ་དྲག་བཤད་ཡོད་ན་ཡང་དེང་སང་རེ་བ་ཡོད་སྐོར་གོ་རྒྱུ་གང་ཡང་མེད་པ་དང་། ད་ལྟ་སྲིད་འཛིན་ཞི་ཅིན་ཕིན་ལ་རེ་བ་ཡོད་མེད། དེ་བཞིན་ཉེ་སྔོན་བོད་ཀྱི་ལོ་གསར་སྐབས་རྒྱ་ནག་གི་ཚོང་པ་གོ་ཝུན་ཀེ་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཕུལ་བའི་ཡི་གེ་ཞིག་ཕྱི་ལ་བསྒྲགས་པ་དང་འབྲེལ། ཁོང་ལ་རྒྱ་ནག་གཞུང་གི་མཐོ་རིམ་མགོ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་དམིགས་བསལ་སྡང་མཁན་མོང་ཅན་ཀྲོའུ་སོགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མགོ་རུས་ཡན་ཆད་ནས་མེད་པ་ཟོས་ཤོག་ཟེར་བ་སོགས་བཤད་ཡོད་པ་དང་།  བཀའ་ཤག་དང་སྲིད་སྐྱོང་མཆོག་ནས་གནད་དོན་དེ་དག་རྒྱ་མི་ཚོང་བ་དེས་མ་བཤད་གོང་ལ་གོ་ཡོད་མེད་སོགས་བཀའ་འདྲི་གནང་སོང་།

དེ་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་རྒྱ་འབྲེལ་མོལ་གྱི་ཚོགས་འདུ་དེ་ལོ་རེ་བཞིན་ཐེངས་རེར་ཚོགས་བཞིན་ཡོད་པ་དང་། ད་ལོའི་ཚོགས་འདུ་དེ་ཕྱི་ཟླ་ ༥ པའི་ནང་ཚོགས་འཆར་ཡོད་ལ། སྤྱིར་བོད་རྒྱ་འབྲེལ་མོལ་མཚམས་ཆད་ཡོད་པ་དེ་རྒྱ་ནག་ཕྱོགས་ནས་འགག་བསྡད་ཡོད་པ་ལས་བཀའ་ཤག་ངོས་ནས་གྲ་སྒྲིག་ཡོད་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་རེ་བ་ཡོད་པ་དང་རེ་བ་ཟེར་བ་མུ་མཐུད་དགོས་པ་རེད་ལ། གང་ཟག་ཅིག་ལ་མཚོན་ན་རེ་བ་མེད་པ་ནས་མི་ཚེའི་སྙིང་བོ་བརླགས་ཟིན་ཡོད་པ་དང་། སྤྱི་ཚོགས་དང་རྩ་དོན་ག་རེ་ཡིན་ནའང་རེ་བ་བརྒྱབ་ནས་འགྲོ་དགོས་པ་དང་། ནང་པ་སངས་རྒྱས་པའི་ཆོས་ནང་དུ་བདུད་ཅིག་ཡིན་ནའང་འགྱུར་བ་འགྲོ་རྒྱུ་ཡོད་དུས། རྒྱ་ནག་གི་མགོ་འཁྲིད་ཚོ་ཡིན་ནའང་མཐའ་མ་དེར་ཁོ་ཚོ་ནོར་ཡོད་པ་དང་། བོད་པའི་སྒང་ལ་ཡག་པོ་བྱ་དགོས་འདུག་ཅེས་འགྱུར་བ་ཞིག་ཡོང་རྒྱུ་ཡོད་པས་རེ་བ་མུ་མཐུད་རྒྱག་བཞིན་ཡོད་སྐོར་དང་། རྒྱ་རིགས་ཚོང་པ་ཆེན་པོ་ཁོང་གིས་སྐབས་ཤིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་གྲོངས་ཤོག་བཤད་སོང་ཞེས་བཤད་ཡོད་པ་དང་། གཞི་རྩའི་ཆ་ནས་ཁོ་རང་དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་བྱས་ཏེ་པར་དང་ཚང་མ་བཀྲམས་ཡོད་པ་རེད་ལ། དེ་སྔ་ཁོང་ལ་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཚོའི་རྒྱབ་སྐྱོར་ཡོད་པ་དེ་དངོས་ཡོད་གནས་སྟངས་རེད། ཕྱིས་སུ་གསར་ལམ་ཁག་དང་ཁོ་རང་གི་སྤྱི་ཚོགས་དྲ་ལམ་ཁག་ནང་སྐད་ཆ་དཔེ་མང་པོ་བཤད་ཡོད་པ་དང་། ཞིབ་འཇུག་ཡག་པོ་བྱས་པ་ཡིན་ན། སྐད་ཆ་མང་པོ་ཞིག་སྔ་མ་བཤད་པ་དང་ཕྱི་མ་བཤད་པ་མི་མཐུན་པ་དང་ཧ་ལམ་དྲན་ཚད་བཤད་བཞིན་པ་ལྟ་བུ་ཞིག་ཡོད་པ་རེད།  གང་ལྟར་གནད་དོན་དེ་ཁོ་རང་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་མཉམ་དུ་བཤད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡིན་ན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ཉེན་ཁ་ཡོད་པ་མ་རེད་ཅེས་ཁྱོན་ནས་ཞུ་བཞིན་མེད་ལ། སྐུ་ཕྱྭ་ལས་ལྷག་གལ་ཆེ་བ་ཞིག་མེད་པ་དང་ཉེན་ཁ་ཡོད་པ་རང་ལ་ངོས་འཛིན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་འཛམ་གླིང་ས་ཆ་གང་དུ་སོང་ཡང་སྐུ་ཕྱྭའི་ཐད་མི་དང་འཕྲུལ་ཆས་ག་རེ་དགོས་ན་ཡང་གྲ་སྒྲིག་དགོས་པ་རེད་ཅེས་ཞུས་བསྡད་ཡོད། ཅེས་གསུངས་སོང་།ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་བཀའ་ཤག་གིས་ལྔ་དང་ལྔ་བཅུའི་སྐོར་ལ་གསལ་བཤད་གནང་སྐབས་འདས་པའི་ལོ་ལྔ་བཅུ་ལས་བཀའ་ཤག་དུས་ཡུན་ལོ་བཅུའི་རིང་ཆབ་སྲིད་དང་དཔལ་འབྱོར། ཤེས་རིག བདེ་སྲུང་སོགས་གང་ཐད་ནས་དེ་ལས་ལྷག་གི་ཡར་རྒྱས་སོང་ཡོད་པ་ལྟ་བུའི་རྣམ་པ་ཞིག་བཤད་སོང་བ་དང་། གཞན་དབུ་མའི་ལམ་གྱི་སྐོར་ལ་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱབ་སྐྱོར་གནང་སྟེ་གྲོས་ཆོད་བཞག་པ་ལས་དེའི་སྔོན་ལ་གང་ཡང་བྱུང་མེད་པ་ལྟ་བུ་ཞིག་བཤད་སོང་བར་གསལ་བཤད་དགོས་སྐོར་བརྗོད་པ་དེར་སྲིད་སྐྱོང་མཆོག་གིས། དེ་སྔོན་གྱི་བཀའ་ཤག་ངོས་ནས་དེ་འདྲ་གནང་ཡོད་པ་དང་། ད་ལྟའི་བཀའ་ཤག་གིས་འདི་འདྲ་གནང་གི་ཡོད་པ་རེད་ཅེས་རྩ་བ་ནས་བཤད་མེད། བཀའ་ཤག་སྐབས་ ༡༤ དང་ ༡༥ ནས་ད་བར་ཤེས་རིག་དང་ནང་སྲིད་ལས་ཁུངས་སོགས་ལྷན་ཁང་ཚང་མའི་ནང་ལས་དོན་ག་རེ་བྱས་ཡོད་པ་དང་། ད་ལྟ་གནང་བཞིན་པ་ཚང་མ་ཇི་བཞིན་བཤད་པ་ལས་མཚུངས་བསྡུར་བྱས་པ་མིན་སྐོར་དང་། ཕྱི་ལོ་ ༢༠༡༤ དང་ ༢༠༡༦ ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེ་སྔ་དབུ་མའི་ལམ་སྐོར་ལ་བཤད་མཁན་དང་རྒྱབ་སྐྱོར་གནང་མཁན་༧གོང་ས་མཆོག་རང་ཉིད་ཆགས་ཡོད་ཀྱང་། ད་ལྟ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་མཁན་རོགས་པ་ཞིག་ཡོད་ཅེས་གསུངས་ཡོད་པ་ལྟར། ད་ལྟའི་ཆར་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་དབུ་འཁྲིད་ཚོས་དབུ་མའི་ལམ་སྐོར་ལ་ལུས་ངག་གཉིས་ཀ་ནས་རྒྱབ་སྐྱོར་ཡོད་ཅེས་བཤད་མཁན་མང་རུ་འགྲོ་བཞིན་ཡོད་པ་རེད་ཅེས་བཤད་པ་ཡིན་ལ། དབུ་མའི་ལམ་ལ་དེང་སྐབས་རྒྱབ་སྐྱོར་བྱེད་མཁན་མང་རུ་འགྲོ་བཞིན་ཡོད་པ་དེ་དངོས་ཡོད་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་ནས་དེ་སྔ་སྲིད་སྐྱོང་གིས་འོས་བསྡུའི་སྐབས་བོད་དོན་བདེན་མཐའ་གསལ་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལྟར། ད་ལྟའི་ཆར་བསམ་བློ་དེར་འགྱུར་བ་ཡོད་མེད་དང་། དེ་བཞིན་འོས་བསྡུའི་སྐབས་ཆིག་སྒྲིལ་དང་རང་ཁ་རང་གསོ། གསར་གཏོད་ཅེས་ལྟ་གྲུབ་གསུམ་བཤད་ཡོད་པ་དང་། ཆིག་སྒྲིལ་དང་རང་ཁ་རང་གསོའི་གནས་སྟངས་ག་འདྲ་ཆགས་ཡོད་སྐོར་དོགས་འདྲི་གནང་བ་དེར་སྲིད་སྐྱོང་མཆོག་གིས། དེ་སྔ་འོས་བསྡུའི་སྐབས་བཤད་པ་དེ་ག་རང་ལས་འགྱུར་བ་རྩ་བ་ནས་བྱུང་མེད་པ་དང་། རང་ལུས་མེར་སྲེག་གནང་མཁན་ཚང་མའི་འབོད་སྒྲ་བོད་མིའི་རང་དབང་བསྐྱར་གསོ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དེ་ཡིན་ལ། ཕྱི་ལོ ༢༠༡༠ ལོར་སྲིད་སྐྱོང་འོས་མི་ཡིན་པའི་སྐབས་ལ་བོད་མི་ཚོའི་རང་དབང་སྐྱར་གསོ་བྱ་རྒྱུ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་རྒྱུ་ཞུ་ཡིན་ཞེས་བཤད་ཡོད་ལ། རྗེས་སུ་རང་ལུས་མེར་སྲེག་གནང་མཁན་བརྒྱ་ཆ་ ༩༥ ཡིས། བོད་མི་ཚོར་རང་དབང་བསྐྱར་གསོ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་བཤད་ཡོད་པ་རེད། འགྲུབ་ཐུབ་མིན་རྒྱ་ནག་གཞུང་ལ་རག་ལས་ཡོད་ན་ཡང་འགྲུབ་ཐུབ་པའི་གདེང་སྤོབས་ཆེན་པོ་ཡོད་སྐོར་དང་། ལྟ་གྲུབ་གསུམ་བཤད་ཡོད་པ་ལྟར་རང་ཁ་རང་གསོ་དེ་གསལ་བོ་ཆགས་ཡོད་པ་དང་། ཆོས་རིག་དང་ནང་སྲིད་དཔལ་འབྱོར་ཚང་མ་ལ་སྲིད་བྱུས་ཡོད་པ་དང་། འཆར་གཞི་ཡོད་པ། ལག་ལེན་ཡོད་པ་བཅས་བྱུང་ཡོད་པ་དང་། དངུལ་ས་ཡ་སྟོང་ཕྲག་གཅིག་གསོག་ཐུབ་ཡོད་དུས་དངུལ་རང་གི་སྟེང་ནས་ཡག་པོ་ཡོང་གི་ཡོད་པ་རེད་ལ། ཆིག་སྒྲིལ་སྟེང་ནས་ཕྱི་ལོ་ ༢༠༡༠ དང་ ༢༠༡༦ ལོར་གཉིས་ལ་སྲིད་སྐྱོང་འོས་མིར་ལངས་བའི་ཐད་བསྡོམས་ཤིག་བརྒྱབ་པ་ཡིན་ན། མི་མང་ལ་ཧ་ལས་པའི་ཆབ་སྲིད་གནས་ཚད་མཐོ་བོ་ཡོད་པ་དང་། མི་མང་ནང་ལ་བརྒྱ་ཆ་ ༩༠ རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་ཡོད་པ་ཐག་ཆོད་པོས་ངང་ནས་བཤད་ཐུབ་ཀྱི་ཡོད་པ་རེད། ས་ཆ་མང་པོར་སོང་བ་ཡིན་མོད་སྲིད་སྐྱོང་ལ་འདོད་མ་འདོད་ཀྱི་རྣམ་འགྱུར་སྟོན་མཁན་ཁ་ཤས་བྱུང་ཡོད་ན་ཡང་། དེ་དག་ཧ་ཅང་ཉུང་ཤས་ཤིག་ཡིན་པ་དང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོའི་ཁྲོད་མཐུན་སྒྲིལ་ཧ་ཅང་ཚད་མཐོ་བོ་ཡོད་པ་རེད། ཡིན་ན་ཡང་། སྤྱི་ཚོགས་གང་ལ་མགོ་འཐོམས་བཞིན་འདུག་ཅེས་ན་ལག་ཐོག་ཁ་པར་ཡོད་དུས་སྤྱི་ཚོགས་དྲ་རྒྱའི་ནང་དུ་འགའ་རེས་བཤད་ཡོང་དུས་མི་མང་པོ་ཡོད་པ་ཚོར་བཞིན་འདུག དངོས་ཡོད་ཐོག་བོད་པའི་སྤྱི་ཚོགས་གང་ལ་སོང་ཡང་ཧ་ལས་པའི་མཐུན་སྒྲིལ་ཡོད་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་རྣམས་ཅི་ཙམ་བསྒྲུབས་ཡོད་མེད་སོགས་དོགས་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་གནང་བ་ཚང་མ་བརྒྱ་ཆ་བརྒྱ་བསྒྲུབས་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ནང་བཞིན་བརྒྱ་ཆ་བརྒྱ་འགྲོ་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་གནང་བའི་ཁྲོད་འཕྲལ་དུ་སྒྲུབ་དགོས་པ་ཡིན་ན་བརྒྱ་ཆ་བརྒྱ་བསྒྲུབས་བཞག་ཡོད་དང་། དབུ་མའི་ལམ་གྱི་ཚོགས་ཆེན་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་དབུ་མའི་ལམ་སྒང་ལ་བརྒྱ་ཆ་བརྒྱ་ལས་ཀ་བྱེད་བཞིན་ཡོད་པ་རེད་ཅེས་བརྒྱ་ཆ་བརྒྱ་ཞེས་མར་བཀའ་གནང་ཡོད་པའི་མི་སྣ་ཞིག་ཡིན། དེ་སྔོན་སྲིད་སྐྱོང་འོས་བསྡུའི་སྐབས་༧གོང་ས་རྒྱལབ་རིན་པོ་ཆེས་བཀའ་དགོངས་ནང་བཞིན་འགྲོ་ཡི་ཡིན་ཞེས་དམ་བཅའ་ཕུལ་ཡོད་ལ། ད་ལྟ་ད་དུང་དེ་ག་རང་བརྒྱ་ཆ་བརྒྱ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

ད་ལན་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཐོག་ནས་གཏན་འབེབ་གནང་ཐུབ་མེད་པ་དང་། གནད་དོན་དེའི་ཐད་བཀའ་ཤག་ལ་གཟིགས་ཚུལ་ཅི་ཡོད་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་དང་འགལ་ཡོད་མེད་སོགས་བཀའ་འདྲི་ཞུས་པ་དེར་སྲིད་སྐྱོང་མཆོག་གིས། ཐེངས་འདིར་གྲོས་ཚོགས་ནང་དགྲ་བོ་རྒྱ་ནག་ཞེས་པའི་སྟེང་གླེང་སློང་མང་པོ་བྱུང་སོང་། གནད་དོན་དེའི་ཐད་གསལ་བཤད་ཅུང་ཙམ་མ་བྱས་ན་དབུ་མའི་ལམ་གྱི་འགྲེལ་བཤད་དང་གནང་ཕྱོགས་ཐད་ནས་ཅུང་ཙམ་རེ་མ་འགྲིག་པ་ལྟ་བུ་ཞིག་འདུག དེ་ཞུ་དགོས་དོན་དེ་དབུ་མའི་ལམ་གྱི་བདག་དབང་བཀའ་ཤག་ལ་ཡོད་པ་དང་བཀའ་ཤག་གིས་བཤད་པ་དེ་དབུ་མའི་ལམ་ཡིན་ཞེས་བཤད་དགོས་དོན་ཡང་དེ་ཡིན། དགྲ་བོ་ཟེར་བའི་ཚིག་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༡༠ ཚེས་ ༩ ཉིན་ཨ་རིའི་ཡཱལ་མཐོ་སློབ་ནང་གསུངས་ཡོད་པ་རེད། བཀའ་སློབ་དེའི་ནང་རྒྱ་ནག་དགྲ་བོ་ཡིན་ཡང་ནང་པ་སངས་རྒྱས་པའི་ཆོས་དང་བོད་པའི་བསམ་བློའི་ནང་དགྲ་བོ་དེ་དགྲ་བོ་རེད་ཅེས་འཁོན་འཛིན་དང་དྲག་པོའི་ཐབས་ལམ་འཚོལ་གྱི་མེད། དགྲ་བོ་ལ་འཚེ་མེད་ཞི་བ་དང་ཞི་བའི་ཐོག་ནས་གྲོས་མོལ་གནང་ནས་བོད་དོན་གསལ་ཐབས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་གི་གཟེངས་རྟགས་ཆེ་རུ་ཆེ་ཚད་འབུལ་དགོས་དོན་དགྲ་བོ་ལ་ངོས་འཛིན་བྱེད་སྟངས་ཁྱད་པར་བ་ཞིག་ཡོད་པས་རེད། དེ་མིན་རྒྱ་ནག་གཞུང་གིས་བོད་ལུང་པ་གཏོར་བཤིག་བཏང་ནས་མི་མང་པོ་བསད་པ་སོགས་བྱས་པས་དགྲ་བོ་ཆགས་བསྡད་ཡོད་པ་རེད། ལོ་རྒྱུས་ཐོག་ནས་བོད་རང་བཙན་གཙང་མ་གཙང་རྐྱང་རེད་ལ་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་ཡོད་པ་མ་རེད་ཅེས་བདེན་པ་ག་རེ་ཡིན་པ་བཤད་དགོས་པ་དང་། བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་ཡོད་པ་མ་རེད་ཅེས་དེབ་བཏོན་དགོས་དོན་ཡང་དབུ་མའི་ལམ་གྱི་ཐབས་ལམ་དེ་གསལ་འདོན་བྱ་ཆེད་ཡིན་ལ། དེབ་དེ་ལས་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མ་རེད་ལ་རང་བཙན་གཙང་མ་གཙང་རྐྱང་གི་རྒྱལ་ཁབ་ཅིག་རེད། ཡིན་ན་ཡང་རྒྱ་ནག་གཞུང་ལ་ཕན་པ་དང་བོད་ལ་ཕན་པའི་ཆེད་གཉིས་སྨན་ལམ་ནས་རང་བཙན་རྩོད་ཀྱི་མིན་ཞེས་བཤད་ན། འཛམ་གླིང་སྤྱིས་བོད་པ་ཚོ་རླབས་ཆེན་ཡིན་པ་དང་སོ་སོར་ཐོབ་ཐང་ཆ་ཚང་ཡོད་པ་ལེན་གྱི་མིན་ཞེས་བཤད་པ་ཞིག་ཧ་གོ་བ་དང་། རྒྱལ་སྤྱིའི་སྒང་ལ་ཁ་ཕྱོགས་མི་འགྱུར་ཆེད་དེབ་དེ་བཏོན་པ་རེད། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་ཡིན་ན་ཡག་པོ་མེད་པ་དང་མ་བྱས་ན་གསོལ་རས་རག་གི་ཡོད་པ་བཤད་བསྡད་པ་དེ་ཡག་པོ་མེད་པ་དང་། བོད་ནང་མི་བསོད་ཁྲག་སྦྱོར་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར། ཁོར་ཡུག་གཏོར་བརླག་གཏོང་བཞིན་པ་སོགས་དངོས་ཡོད་བཤད་དགོས་སྐོར་གསུངས་སོང་།སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བཀའ་ཤག་གི་གསལ་བཤད་སྐབས། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་ཐེངས་མང་གསུངས་སོང་བ་ལྟར། ཨོ་བྷ་མའི་རྒྱབ་སྐྱོར་བྱས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་ལྟའི་ཨ་རིའི་སྲིད་འཛིན་ཊོམ་ཕུ་འཛིན་སྐྱོང་གིས་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་མེད་དང་། དེས་མཚོན་པའི་རྒྱལ་ཁབ་གཞན་གྱི་སྔོན་མའི་སྲིད་འཛིན་དང་སྲིད་བློན་འབྲེལ་ཡོད་དཔོན་རིགས་ཚོས་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་མེད་སོགས་བཀའ་འདྲི་ཞུས་པ་དེར་སྲིད་སྐྱོང་མཆོག་གིས། སྲིད་འཛིན་ཨོ་བྷ་མས་རྒྱབ་སྐྱོར་གནང་ཡོད་པ་རེད། ཏོམ་ཕུ་ཡིས་རྒྱབ་སྐྱོར་མ་གནང་ན་དེབ་ཐེར་ལ་འཁོད་པ་ཙམ་ལས་ཁྱད་པར་གང་ཡང་མི་འདུག་ཅེས་གསུངས་བཞིན་ཡོད་ན་ཡང་། ཨོ་བྷ་མའི་རྒྱབ་སྐྱོར་བྱས་ཏེ་ལོ་རྒྱུས་སུ་འཁོད་པ་དེས་ཕན་ཐོགས་ཆེན་པོ་ཡོད་པ་དང་། མ་འོངས་པར་ཨ་རིའི་སྲིད་འཛིན་སུ་ཞིག་བསླེབ་པ་ཡིན་ནའང་གཞི་ཞིག་ཆགས་བསྡད་ཡོད་པ་དང་། བོད་པ་ཚོ་ཨ་རིའི་ཕོ་བྲང་དཀར་པོར་བཅར་བ་ཡིན་ན། དེ་སྔ་སྲིད་འཛིན་ཨོ་བྷ་མས་རྒྱབ་སྐྱོར་གནང་ཡོད་པ་དང་ད་ལྟ་སྲིད་འཛིན་གྱིས་རྒྱབ་སྐྱོར་གནང་དགོས་པ་རེད་ཅེས་ཞུ་གཏུག་ཕུལ་སྐབས་གཞི་ཞིག་ཆགས་ཡོད་པ་རེད། ད་ལྟའི་ཆར་སྲིད་འཛིན་ཏོམ་ཕུ་ཡིས་ཞལ་ནས་གང་ཡང་གསུངས་མེད་ན་ཡང་སྲིད་འཛིན་གཞོན་པ་དང་ཕྱི་སྲིད་དྲུང་ཆེ་གཙོའི་ཕོ་བྲང་དཀར་པོའི་ལས་བྱེད་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཚང་མས། བོད་མིའི་སྒྲིག་འཛུགས་ཀྱི་སྒང་ལ་སྲིད་བྱུས་འཛིན་ཕྱོགས་སྐོར་དེ་སྔ་ལས་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་དེ་སྔའི་སྲིད་འཛིན་མང་ཆེ་བར་མཇལ་འཕྲད་གནང་ཡོད་པ་དང་། ད་ལྟའི་སྲིད་འཛིན་ཏོམ་ཕུ་དང་མཇལ་འཕྲད་གནང་དགོས་ཟེར་བ་དེ་ལ་འགྱུར་བ་གང་ཡང་ཕྱིན་མེད་ལ། གཞི་རྩ་ཨ་རིའི་གཞུང་ངོས་ནས་དེ་སྔ་རོགས་རམ་གནང་བ་བཞིན་ད་ལྟ་འགྱུར་བ་གང་ཡང་མེད་ཅེས་རོགས་དངུལ་གནང་བ་ཡང་ཇེ་མང་ལ་ཕྱིན་ཡོད་པ་རེད་ལ། སྲིད་འཛིན་ཏོམ་ཕུ་རང་ཉིད་ནས་བོད་དང་འབྲེལ་བའི་ཁྲིམས་འཆར་གཉིས་ལ་མཚན་རྟགས་སྐྱོན་ནས་ད་ལྟ་ཁྲིམས་རང་ཆགས་ཡོད་པ་རེད། དེ་སྔོན་ཨ་རིས་ཨེ་ཤ་ཡའི་སྐོར་ལ་ཁྲིམས་གཞི་བཏོན་པའི་ནང་འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞེས་འཁོད་བཞིན་ཡོད་ན་ཡང་། ད་ལྟ་བོད་ཅེས་འཁོད་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་བོད་པ་ཚོར་རོགས་དངུལ་གནང་བ་ཚང་མར་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་གྱི་ཡོད་པས། སྲིད་འཛིན་གྱིས་ཁ་ནས་མ་གསུངས་པར་རྒྱབ་སྐྱོར་མུ་མཐུད་གནང་བསྡད་ཡོད་སྐོར་གསུངས་སོང་།

དེ་བཞིན་སྤྱི་འཐུས་མང་པོས་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་མང་པོ་གསུང་གི་ཡོད་ཀྱང་གྲུབ་འབྲས་མཐོང་རྒྱུ་མེད་སྐོར་དང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་དོན་དངོས་དེ་ག་འདྲ་ཞིག་ཡིན་མིན་སོགས་ཀྱི་དགོངས་ཚུལ་མང་པོ་ཕེབས་པར་བརྟེན། དེའི་ཐད་སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་གནང་བ་དང་ལྔ་དང་ལྔ་བཅུའི་འཆར་སྣང་གི་བསམ་བློ་དེ་སྔ་ནས་འཁོར་ཡོད་ན་ཡང་། འཆར་སྣང་ཞེས་དང་པོ་ནས་བསྒྲགས་པ་ཡིན་ན་གཞན་དབང་སྟབས་བསྟུན་མང་པོ་ཞིག་དགོས་དུས་མཐའ་མ་དེར་ཚིག་སྐམ་པོ་ཞིག་ལས་འཆར་སྣང་གང་ཡང་མེད་སོང་བ་ཡིན་ན། སྲིད་བྱུས་དང་ལས་འཆར་གང་ཡང་མེད་པའི་ཐོག་ནས་ལྷག་གི་རེད་བསམ་སྟེ། དང་པོ་བཀའ་ཤག་གི་ངོས་ནས་ལག་བསྟར་ཞིག་ནས་བྱས་ག་འདྲ་ཡོད་པ་དང་། བཀའ་ཤག་གི་ངོས་ནས་ལག་བསྟར་ཐུབ་པ་ག་རེ་ཡོད་པ་སོགས་ལ་བསམ་བློ་བཏང་སྟེ། ལྷན་ཁང་རེ་རེར་འཆར་གཞི་ཡོད་པའི་ངང་ནས་ལག་བསྟར་བྱས་ཏེ་གཞི་ནས་ལྔ་དང་ལྔ་བཅུའི་འཆར་སྣང་དེ་བཤད་ན་འགྲིག་ས་རེད་བསམ་ནས་བཤད་ཡོད་པ་དང་། ད་ལྟའི་ཆར་ཧ་ལས་པ་ཡག་པོ་སོང་ཡོད་ཅེས་ཞུ་བཞིན་མེད་ན་ཡང་སྲིད་བྱུས་གཅིག་པུ་ཙམ་མ་ཡིན་པར་འཆར་གཞི་དང་། འཆར་གཞི་གཅིག་པུ་ཙམ་མ་ཡིན་པར་ལག་བསྟར་བྱས་ཏེ་འགྲོ་བཞིན་ཡོད་པ་དང་། ལག་བསྟར་དེ་ལ་ཡང་འགྲུབ་འབྲས་སྨིན་གྱི་ཡོད་པ་དང་། མདོར་བསྡུས་ན་མ་འོངས་ལོ་ ༢༠ ནས་ ༣༠ དང་ ༥༠ བར་ལྔ་དང་ལྔ་བཅུའི་འཆར་སྣང་ལ་བརྒྱ་ཆ་བརྒྱ་གྲུབ་འབྲས་སོན་པ་ཞིག་ཡོང་གི་རེད་ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༣/༢༩

Leave a Reply

4 thoughts on “མ་འོངས་ལོ་ ༢༠ ནས་ ༣༠ དང་ ༥༠ བར་ལྔ་དང་ལྔ་བཅུའི་འཆར་སྣང་ལ་བརྒྱ་ཆ་བརྒྱ་གྲུབ་འབྲས་སོན་པ་ཞིག་ཡོང་གི་རེད།

  1. གཞུང་པ་ཚེ་དབང་བསོད་ནམའ་

    ལྔ་དང་ལྔ་བཅུ་རྔས་ལ་བཅུག་རང་བཙན་དང་དབུ་མའི་ལམ་ཁ་ལ་ཁྱེར་ནས་
    མི་ལོ་དྲུག་བཅུ་མི་ཡུལ་དུ་རྫོགས་འགྲོ་བ་དེ་བཀའ་སྤྱི་གཉིས་ཀྱི་མཁྱེན་གྱི་མེད་
    པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    རང་བཙན་དང་རང་དབང་དོན་གཅིག་གང་ནས་ཡིན་ལ་
    བོད་དོན་བདེན་མཐའ་གསལ་ཐབས་དང་དབུ་མའི་ལམ་གཉིས་
    དོན་གཅིག་གང་ནས་ཡིན།

  3. ཨ་མདོ་རྒྱམ་ཁོ།

    སྐྱག་རྫུན་རེད། ལོ་རྒན་༦༠་ལ་ཨ་རིས་རྒྱབ་སྐྱོར་ཧ་ཧ་ཧ་ཧ། ཁོང་ཚོའི་ཚོང་འབྲེལ་ཡག་པོ་མ་བྱུང་བ་ཡིན་ན་བོད་དོན་གླེང་ཁུལ། བྱ་བ་འགྲུབ་སྐབས་གྲགས་རྒྱུ་འགུལ་རྒྱུ་མེད་ཧ་ཧ་ཧ་ངོ་མ་མིན་ན་ཡུམ། མི་མང་ལ་མགོ་སྐོར་བྱེད་མཁན་གི་བོད་མིའི་སྤྱི་མཐུས་ཚོས་ཐུགས་ལ་ཞོག

  4. སྲིད་སྐྱོང་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམས་ནས་ལོ་རེའི་ལས་ཡུན་ནང་དྷ་སར་ཕྱག་ལས་གནང་ནས་ཉིན་གྲངས་ཇི་བཞུགས་དང་། ཕྱོགས་སུ་ཉིན་གྲངས་ཇི་བསྐྱོད། ཕྱག་ལས་ཇི་གནང་། ལམ་དོད་དང་འཚོ་དོད་སོགས་ལ་ཇི་སོང་རྩིས་ཁྲ་གྲོས་ཚོགས་ནང་ཚང་མས་མཁྱེན་ཆུབ་སླད་གསལ་པོ་བཟོ་གནང་དགོས་པ་ཡང་གལ་ཆེན་དུ་མཐོང་།