སྤྱི་འཐུས་རྣམ་པས་ཇི་སྲིད་མ་འཁྱུར་བར་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་ཆེད་ནུས་པ་འདོན་རྒྱུ་ཡོད་པ་ཚང་མ་འདོན་རོགས།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉེ་སྔོན་བདམས་ཐོན་བྱུང་བའི་བཀའ་བློན་གྱི་འོས་གྲངས་སྐོར་གསལ་བཤད་གནང་སྐབས་ང་ཚོའི་ངོས་ནས་བརྒྱ་ཆ་ལོངས་པ་ཞིག་ལ་ངོས་འཛིན་བྱས་ཏེ་ཐག་གཅོད་བྱས་ཡོད་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྒྱ་ཆ་ལོངས་མི་འདུག་ཅེས་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་སོང་།དེ་རིང་ཕྱི་ཚེས་ ༢༩ སྟེ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༧ པ་མཇུག་བསྡུས་སོང་བ་དང་། ཐེངས་འདིའི་ཚོགས་དུས་ཐོག་གཞུང་འབྲེལ་གྱི་མྱ་ངན་གྲོས་ཆོད་ ༦ ཙམ་དང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཅིག དེ་བཞིན་ཁྲིམས་བཟོའི་ལས་དོན་ ༣ ཙམ་བྱུང་བ་ལས་གཉིས་གཏན་འབེབ་བྱུང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོར་སྔོན་རྩིས་ཡོང་འཆར་ཁྱོན་སྒོར་ ༢,༦༠༠,༧༤༠,༡༣༥ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྔོན་རྩིས་ཡོང་འཆར་ཁྱོན་སྒོར་ ༤༣,༡༢༤,༦༤༩། དེ་བཞིན་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་སྔོན་རྩིས་འགྲོ་འཆར་ཁྱོན་སྒོར་ ༢,༥༠༥,༦༦༣,༧༩༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྔོན་རྩིས་འགྲོ་འཆར་ཁྱོན་སྒོར་ ༣༨,༥༧༨,༡༡༢ བཅས་བཀའ་འཁྲོལ་གཏན་འབེབ་བྱུང་བ་དང་། དེ་བཞིན་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་ནང་། རྩིས་ལོའི་ནང་སྔོན་རྩིས་མ་དངུལ་གྱི་ཕྱོགས་བསྡོམས་ཡོང་འཆར་དང་ཟུར་བཀོལ་གྱི་ཕྱོགས་བསྡོམས་ཡོང་འཆར་ཁྱོན་སྒོར་ ༣,༢༣༡,༥༩༦,༤༣༢ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་ཡོང་འཆར་ཁྱོན་སྒོར་ ༥༩,༢༩༨,༠༠༨ བཅས་བཀའ་འཁྲོལ་གཏན་འབེབ་བྱུང་བ་དང་། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ སྔོན་རྩིས་འགྲོ་འཆར་ཁྱོན་སྒོར་ ༢,༩༧༨,༤༦༢,༠༤༧ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྔོན་རྩིས་འགྲོ་འཆར་ཁྱོན་སྒོར་ ༦༡,༧༠༥,༨༠༥ བཅས་བཀའ་འཁྲོལ་གཏན་འབེབ་བྱུང་།
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་མཆོག་ནས་མཇུག་སྡོམ་གྱི་གསུང་བཤད་གནང་སྐབས་ཐེངས་འདིའི་གྲོས་ཚོགས་ནང་དབུ་མའི་ལམ་དང་དོལ་རྒྱལ་སོགས་གླེང་སློང་བྱུང་བའི་སྐོར་ལ་ཁོང་གིས། དབུ་མའི་ལམ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཡིན་པ་གང་ཞིག་ལ། བོད་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་པའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། དེའི་ཐོག་ཚང་མས་མཇུག་སྐྱོང་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད་ཅེས་དང་། བོད་པ་གཅིག་ཡིན་ན་ཚུར་མཉམ་དུ་འདུ་དགོས་ཀྱི་ཡོད་པ་རེད་ལ། བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་སོ་སོའི་ངོས་ནས་སྲུང་དགོས་པ་མང་པོ་ཞིག་ཡོད་པ་དང་། དེ་དག་སྲུང་དགོས་པ་རེད་མ་གཏོགས་རྒྱབ་འགལ་རང་བྱས་བསྡད་པ་ཡིན་ན་ང་ཚོས་ཚུར་ལེན་ཐུབ་པ་ཡོད་པ་མ་རེད། དོལ་རྒྱལ་ཁོ་རང་ཚོས་བླང་དོར་ཟློག་ཤེས་བྱས་པ་ཡིན་ན། ག་རེ་ཡིན་ན་ཡང་ང་ཚོ་ཚུར་འདུ་དགོས་པ་དང་དེ་ལྟར་མ་བྱས་ཚེ་ག་དུས་ཡིན་ནའང་ང་ཚོ་མཉམ་དུ་ཡོང་ཐབས་ཡོད་པ་མ་རེད། ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་དུས་ཐོག་བཀའ་བློན་གཅིག་འོས་འདེམས་བྱུང་བའི་སྐོར་ལ་ཚོགས་གཙོ་མཆོག་གིས།  ལས་རིམ་ལྟར་སྲིད་སྐྱོང་མཆོག་གིས་སྒྲིག་གཞིའི་དགོངས་དོན་ག་རེ་ཡོད་པ་བཞིན་བཀའ་བློན་འོས་མི་ཞིག་བཏོན་གནང་པ་རེད་ལ། ཚོགས་གཙོས་ངོས་ཡོད་གསུམ་ཆ་གཉིས་ཡོད་པ་ཡིན་ན་བརྒྱ་ཆ་ ༢༡.༥ ལོངས་དགོས་པ་འོས་གྲངས་བཤེར་མ་བྱས་སྔོན་ནས་གསལ་བཤད་བྱས་ཡོད་ལ། འོས་གྲངས་བཤེར་བྱས་པའི་སྐབས་ལ་སྤྱི་འཐུས་ ༢༡ གི་རྒྱབ་གཉེར་བྱུང་ཡོད་པ་དང་། སྤྱི་འཐུས་ ༢༡ གི་རྒྱབ་གཉེར་བྱུང་ཡོད་དུས་རྩ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་དང་པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ལས་དོན་བྱེད་སྐབས་རྩ་འབོར་དང་ངོ་ཡོད་རྩིས་པའི་སྐབས་སྐར་ཆ་རྩི་མི་དགོས་ཞེས་གསལ་ཡོད་པ་དང་། རྣམ་པ་ཚོས་གྲངས་ ༤༣ དེ་གྷོ་གྷིལ་ནང་བརྒྱ་ཆ་ ༥༠ བཀོད་པ་ཡིན་ན་བརྒྱ་ཆ་ ༢༡ དང་གྲངས་ཆུང་ ༥ ཆགས་འགྲོ་ཡི་ཡོད་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་བརྒྱ་ཆ་ལོངས་པ་ཞིག་ལ་ངོས་འཛིན་བྱས་ཏེ་ཐག་གཅོད་བྱས་ཡོད་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྒྱ་ཆ་ལོངས་མི་འདུག་ཅེས་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་སོང་།ཡང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དགུ་པའི་གྲུབ་དོན་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པའི་ནང་། དྷ་ས་བོད་ཁྱིམ་དབུས་སྤྱི་ཁྱབ་ལས་ཁང་གི་ཁྱབ་ཁོངས་བྷེང་ལོར་༧གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ས་ཆ་དང་ཨར་པོའི་ལས་གཞིའི་སྡེ་ཚན་གྱི་རྩིས་སྙན་ཁག་གི་ནང་ཁྱོན་སྒོར་ས་ཡ་བདུན་ཅུ་དོན་བརྒྱད་དང་ཆིག་འབུམ་གསུམ་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བརྒྱད་དང་པད་ཉེར་གཅིག (༧༨,༡༣༡,༨༢༨།༢༡) ལྷག་གི་རྩིས་ཉོག་ཐོན་ཡོད་པ་དང་། མཐོ་སློབ་དེ་ལ་༧གོང་ས་མཆོག་གི་མཚན་སྤྱོད་ཀྱི་ཡོད་པས་མགོན་པོ་་གང་ཉིད་ལ་མཚན་ཤས་ཀྱི་ཆ་ཕྲ་མོ་ཙམ་ཡང་མི་ཡོང་ཆེད། སྡེ་ཚན་དེའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཞིབ་འཇུག་མཐིན་ཕྱིན་པ་ཡོང་ཆེད་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་སྐོར་བརྗོད་ཡོད་པ་དེའི་ཐད་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། མ་འོངས་པར་ཚོགས་ཆུང་དེ་ག་འདྲ་ཞིག་འཛུགས་དགོས་མིན་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་བྱས་ཏེ་འཛུགས་ཐུབ་མིན་དང་། ཡང་ན་འཛིན་སྐྱོང་མཉམ་དུ་གོ་བསྡུར་དགོས་མིན་རྗེས་སུ་བལྟ་ཡི་ཡིན།  མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོའི་ནང་བཀོད་ཡོད་པ་ལྟར། སྤྱི་འཐུས་རྣམས་ས་གནས་ལ་སྐོར་སྐྱོད་དུ་ཕེབས་རན་བཞིན་ཡོད་དུས། སྙན་ཐོའི་ནང་གང་གསལ་བ་དེར་སོ་སོར་འབྲེལ་བ་ཡོད་པ་ག་རེ་ཡོད་པར་གཟིགས་ཏེ། ས་གནས་སོ་སོར་སྐྱོན་ག་རེ་འདུག་གསལ་བོ་འགྲེལ་བཤད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྙན་ཐོའི་ནང་ལ་མང་པོ་ཞིག་སླེབ་དགོས་དོན་དེ་ཕར་ལ་རྩིས་ཞིབ་གནང་བར་ཕེབས་སྐབས་གསལ་བོ་ཞིག་མ་གསུང་བའི་རྐྱེན་གྱིས་སྙན་ཐོའི་ནང་ལ་ཡོང་གི་ཡོད་པ་དང་། གསལ་བོ་ག་རེ་བཟོ་རྒྱུ་ཡོད་ན་རྩིས་ཞིབ་གནང་བའི་སྐབས་ལ་བཟོ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་ཚོགས་གཙོ་མཆོག་གིས་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞལ་མཇལ་ཞུས་སྐབས། ༧གོང་ས་མཆོག་གིས་སྐབས་ ༡༣ པའི་ཚོགས་གཙོ་བྱེད་པའི་སྐབས་ལས་དོན་འཕྲོ་ལྷག་བསྡད་པ་ཞིག་ཡོད་པ་ལྟར། རྒྱ་གར་ནང་ལ་བོད་པ་མང་པོ་ཞིག་གནས་བསྡད་ཡོད་དུས། རྒྱ་གར་གྱི་མངའ་སྡེ་གྲོས་ཚོགས་ཁག་ནང་བོད་དོན་རྒྱབ་སྐྱོར་བ་འཛུགས་དགོས་པ་དཔེ་གལ་ཆེན་པོ་ཆགས་ཡོད་སྐོར་དེ་སྔོན་བཀའ་གནང་ཡོད་པ་དང་། དེ་རིང་ཡང་བཀའ་དེ་ག་རང་ཕེབས་སོང་། སྔོན་ལ་བོད་པ་ཚོ་གནས་ཡོད་པའི་མངའ་སྡེ་ཁག་གི་ནང་གྲོས་ཚོགས་རྒྱབ་སྐྱོར་བ་འཛུགས་དགོས་གལ་ཆེན་པོ་འདུག་ཅེས་གསུངས་སོང་བ་དང་། སྤྱི་འཐུས་རྣམ་པ་ཕྱོགས་མཐའ་ཁག་ལ་ཕེབས་སྐབས་དེ་ལྟ་བུའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་པ་ཡིན་ན་རྩེ་གྲ་རེད་ལ། མ་ཐུབ་ནའང་ལས་གཞི་ཞིག་མགོ་འཛུགས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། གལ་ཏེ་འཛུགས་ཐུབ་པ་ཡིན་ན་མཇུག་སྐྱོང་དེ་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱིས་གནང་དགོས་པ་མ་གཏོགས། སྤྱི་འཐུས་ཚོ་ནམ་རྒྱུན་ས་གནས་རང་དུ་གཏན་སྡོད་བྱེད་ཀྱི་མེད་པ་རེད། ཅེས་དང་། མི་མང་གིས་འོས་འདེམས་གནང་བའི་སྤྱི་འཐུས་རྣམ་པས་རིག་པའི་རྩལ་བཏོན་ནས་བསམ་བློ་གཏོང་དགོས་པ་དང་། མ་འོངས་པར་མུ་མཐུད་ཇི་སྲིད་མ་འཁྱུར་བར་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ནུས་པ་འདོན་རྒྱུ་ཡོད་པ་ཚང་མ་འདོན་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༡

Leave a Reply

9 thoughts on “སྤྱི་འཐུས་རྣམ་པས་ཇི་སྲིད་མ་འཁྱུར་བར་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་ཆེད་ནུས་པ་འདོན་རྒྱུ་ཡོད་པ་ཚང་མ་འདོན་རོགས།