སུད་སིའི་ནང་བོད་སྨན་གསུམ་དེབ་སྐྱེལ་ངོས་འཛིན་ཡོང་ཐབས་གནང་རྒྱུ་ཡིན།

བོད་ཀྱི་སྨན་རྩིས་ཁང་བཙུགས་ནས་ལོ་ ༡༠༣ འཁོར་བའི་མཛད་སྒོའི་ཐོག་ད་ལྟ་སྨན་རྩིས་ཁང་གི་འཛིན་སྐྱོང་མ་ལག་དང་བཅས་པའི་ནང་ཁྱོན་བུ་༤༦༦ དང་བུ་མོ་ ༣༦༡ བཅས་ཁྱོན་བསྡོམས་མི་གྲངས་ ༨༢༧ ཡོད་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༥ སྟེང་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས ་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་ལོ་ ༡༠༣ འཁོར་བ་དང་། ༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱ་གར་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་། དམིགས་བསལ་སྐུ་མགྲོན་དུ་ཀང་ར་རྫོང་གི་སྨན་པ་གཙོ་བོ་གྷོ་ཌར་ཤན་གྷོབ་ཊ་(Gurdarshan Gupta)ལགས་གཙོ་བོར་གྱུར་བའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན། བཞུགས་སྒེར་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་གཙོ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་འཐུས་མི། བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་བཅས་འཛོམས་འདུག  

 མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་ལགས་ནས་སྨན་རྩིས་ཁང་གི་སྨན་སློབ་སྐབས་ ༡༨ པ་དང་རྩིས་ལོ་སྐབས་ ༩ པའི་སློབ་ཐོན་པ་རྣམས་དང་། ཕྱི་ལོ་ ༢༠༡༨ ལོའི་སྨན་རྩིས་ཡིག་རྒྱུགས་རྩེར་སོན་པ། དེ་བཞིན་བུ་དང་བུ་མོའི་འགན་བདག་དང་། སྨན་སློབ་སྐབས་ ༡༣ པའི་དམིགས་བསལ་ཉམས་མྱོང་ཅན་གྱི་སྨན་པ་ཁག་ཅིག་ལ་སྨན་རམས་པའི་ཕྱག་འཁྱེར་དང་གཟེངས་བསྟོད་བྱ་དགའ་བཅས་གནང་སོང་བ་དང་། དེའི་རྗེས་འཕྲོན་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་སྨན་རྩིས་ཁང་ནས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཁྱོན་ ༡༨ དབུ་འབྱེད་དང་། སྨན་རྩིས་ཁང་དུ་ཞབས་ལོ་ ༣༠ ལོན་པའི་ལས་བྱེད་ཁྱོན་ ༡༠ དང་ཞབས་ལོ་  ༢༠ ལོན་པའི་ལས་བྱེད་ཁྱོན་ ༡༣  བཅས་ཡོད་པ་ལས་ངོ་བཅར་ལས་བྱེད་ ༡༢ ལ་གཟེངས་བསྟོད་བྱ་དགའ་གནང་སོང་།     བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སུ་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡ བཅས་ཁྱོན་སྡེ་ཚན་ ༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད། ལས་ཀའི་ངོ་བོའི་ཐོག་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད་པ་དང་།  མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་སུ་སྨན་པ་བུ་དང་བུ་མོ་ ༡༢༦ དང་།  ཆོད་གན་སྨན་པ་བུ་ ༦། སྐར་རྩིས་པ་བུ་བུ་མོ་ ༡༥། ཉམས་གསོག་སྨན་པ་བུ་བུ་མོ་ ༥༧། ཉམས་གསོག་སྐར་རྩིས་པ་བུ་བུ་མོ་ ༦།  སྨན་སློབ་བུ་ ༣༧ དང་བུ་མོ་ ༤༡། སྐར་རྩིས་སློབ་ཕྲུག་བུ་ ༨ དང་བུ་མོ་ ༡༢། འཛིན་སྐྱོང་ལས་བྱེད་ཕོ་མོ་ ༣༡༢ དང་།  འཛིན་སྐྱོང་ཆོད་གན་ལས་བྱེད་བུ་ ༥༨ དང་བུ་མོ་ ༢༣།  ལས་མི་བུ་ ༦༩ དང་བུ་མོ་ ༤༣་བཅས་ད་ལྟ་སྨན་རྩིས་ཁང་འཛིན་སྐྱོང་མ་ལག་དང་བཅས་པའི་ནང་ཁྱོན་བུ་༤༦༦ དང་བུ་མོ་ ༣༦༡ བཅས་ཁྱོན་བསྡོམས་མི་གྲངས་ ༨༢༧ ཡོད་སྐོར་བརྗོད་སོང་།  ཡང་ཁོང་གིས་སྨན་རྩིས་ཁང་གི་སྨན་སྦྱིན་ཞབས་ཞུའི་སྐོར་ལ།  སྨན་རྩིས་ཁང་ནས་ཉམ་ཐག་དང་ལོ་ན་ ༦༥ ཡན།  བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད།  བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་ལྷན་སྡོད་ནང་མི།  འབྲས་ནད། གློ་གཅོང་། གཉན་ནད་རེག་དུག  མཆིན་ནད་དུག་ཐབས་བཅས་ནད་ལྕི་མོ་ཡོད་མཁན་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་ ༡༠ ཆག་ཡང་།  དེ་བཞིན་གྲྭ་བཙུན་དང་། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག་ཕུལ་ཏེ་ཟླ་རེར་ཆ་སྙོམ་ཧིན་སྒོར་འབུམ་ ༣༣ ཙམ་གཏོང་བཞིན་ཡོད་པ་དེ་དག་ནི། གཙོ་བོ་༧རྒྱལ་དབང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུག་བྱེད་མཁན་གྱི་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་བྱུང་བ་ཡིན། ཞེས་བརྗོད་སོང་།

  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧིན་སྒོར་འབུམ་ ༢༠༠ དང་། རྒྱ་གར་དབུས་གཞུང་དང་ཁ་ན་ཊ་ཀ་མངའ་སྡེ་གཉིས་ནས་ཧིན་སྒོར་འབུམ་ ༩༩༩།༩༩༩ བཅས་གནང་སྟེ། རྒྱ་གར་ལྷོ་ཕྱོགས་སུ་སྨན་རྩིས་ཁང་གི་མཐོ་སློབ་གསར་པ་ཞིག་རྒྱག་བཞིན་ཡོད་པ་ཕལ་ཆེ་ཕྱི་ལོ་ ༢༠༢༡ ཟླ་ ༣ ནང་འཛུགས་བསྐྲུན་ལེགས་གྲུབ་ཟིན་མཚམས། ད་ལྟའི་བཞུགས་སྒེར་སྨན་རྩིས་མཐོ་སློབ་ཁང་སྦེང་ལོར་དུ་གནས་སྤོར་ཞུ་འཆར་ཡོད་སྐོར་དང་།  ཕྱི་ལོ་ ༡༩༩༤ ལོར་སྐབས་ ༨ པའི་བསླབ་པ་མཐར་ཕྱིན་པའི་སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལགས་སྟབས་མ་ལེགས་པར་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ ཉིན་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་ཤུལ་ལུས་སྐྱེད་མ་རང་ལོ་ ༩༤ སོན་པ་གཅིག་ལྷག་པ་དེས་སྒེར་གྱི་སྨན་ཁང་དེ་༧གོང་ས་མཆོག་ལ་དད་རྫས་ཀྱི་ཚུལ་དུ་ཕུལ་ཡོད་པ་སྨན་རྩིས་ཁང་ནས་རྩིས་ལེན་གནང་ཡོད་སྐོར། དེ་བཞིན།  སུད་སིའི་གཞུང་གིས་སྔོ་སྨན་ཐོག་བཟུང་བའི་ཁྲིམས་བསྐྱར་བཅོས་བྱས་ཡོད་པའི་གོ་སྐབས་དང་བསྟུན་སྨན་རྩིས་ཁང་ནས་སུད་སིའི་ནང་བོད་སྨན་གསུམ་དེབ་སྐྱེལ་ངོས་འཛིན་ཡོང་ཐབས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།  དམིགས་བསལ་སྐུ་མགྲོན་གྷོ་ཌར་ཤན་གྷོབ་ཊ་ལགས་ཀྱིས། ང་སྨན་རྩིས་ཁང་དབུ་བརྙེས་པའི་མཛད་སྒོ་དང་སློབ་ཕྲུག་མང་པོ་ཞིག་བསླབ་པ་མཐར་སོན་པའི་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། གོང་ནས་འགན་འཛིན་མཆོག་ནས་གསུངས་པ་དེ་དངོས་གནས་བདེན་པ་རེད། དེང་སྐབས་གོ་ལ་འདི་སྨན་གྱི་ཐབས་ལམ་གཅིག་ཁོ་ནའི་ཐོག་སྐྱོད་ཀྱི་མེད་པར་འཕྲོད་བསྟེན་དང་འབྲེལ་ནས་བྱིན་རླབས་ཆེ་བའི་སྨན་གྱི་ལམ་སྲོལ་ཐོག་སྐྱོད་ཀྱི་ཡོད། དེང་སང་ཨ་རི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བྱིན་རླབས་ཅན་གྱི་སྨན་སྲོལ་སྐད་གྲགས་ཆགས་ཡོད་ལ། རྒྱ་གར་ལ་མཚོན་ནའང་མི་རིང་བར་ང་ཚོ་བྱིན་མཐུ་ཆེ་བའི་སྨན་གྱི་རྗེས་སུ་འབྲང་རྒྱུ་ཡིན། རྒྱ་གར་དབུས་བློན་ཆེན་ལས་ཁུངས་ནས་དམིགས་བསལ་ཨ་ཡོ་ཤི་(Minister of AYUSH)ལྷན་ཁང་བཙུགས་ཏེ། བོད་སྨན་དང་རང་བྱུང་སྨན་རིགས་(Ayurveda, Unani)སོགས་སྲོལ་རྒྱུན་གྱི་སྨན་རིགས་ལམ་སྲོལ་དར་འཕེལ་ཆེན་པོ་གཏོང་བར་འབད་པ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།མཇུག་ཏུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཐོག་མར་སྨན་རྩིས་ཁང་དགེ་ལས་སློབ་ཕྲུག་ཡོངས་ལ་དུས་དྲན་དང་འབྲེལ་ནས་འཚམས་འདྲི་ཞུས་པ་དང་སྦྲགས།  དེང་སང་འཛམ་གླིང་ནང་སྨན་རྩིས་ཁང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཁྱབ་སྤེལ་འདི་འདྲ་ཞིག་གཏོང་ཐུབ་པ་ནི། དེ་རིང་འདིར་བཞུགས་བསྡད་པ་དང་སྔར་ཡོད་འབྲེལ་ཆགས་ཚང་མར་རྗེས་སུ་ཡི་རང་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། གོང་དུ་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་འདས་པའི་ལོ་གཅིག་གི་སྙིང་བསྡུས་ལས་བསྡོམས་ཞུས་པའི་ནང་སྨན་རྩིས་ཁང་ནས་སྤྱི་ཚོགས་ནང་ཞབས་འདེགས་རྒྱ་མི་ཆུང་བ་ཞིག་ཞུས་བསྡད་ཡོད་པ་དེ་བརྗོད་མི་དགོས་པ་ཞིག་དང་། སོ་སོའི་སེམས་པ་ཡིན་ནའང་དགའ་སྤོབས་སྐྱེས་འོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག ལྷག་དོན་དུ་འབྱུང་འགྱུར་གྱི་དུས་ཚོད་ནང་ལས་གཞི་སོགས་རྒྱ་ཆེ་རུ་འགྲོ་ཡི་ཡོད་པ་དང་། དཔེར་ན། མཐོ་སློབ་དེ་མར་སྦེང་ལོར་སྤོར་རྒྱུའི་ལས་གཞི་འགྲོ་བསྡད་ཡོད་པ་དང་། དེ་མཚུངས་སྨན་རྩིས་ཁང་གི་ནང་དུ་སྨན་ཁང་ཁག་ཅིག་ཟླ་བསྒྲིལ་གཏོང་གི་ཡོད་པ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་། སྨན་རྩིས་ཁང་ལབ་ན་རེད་ང་ཚོའི་བོད་ཀྱི་གསོ་བ་རིག་པ་ཁྱབ་སྤེལ་ཆེན་པོ་ཞིག་འགྲོ་བསྡད་ཡོད་པ་རེད། དེ་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་དེ་དང་མཉམ་དུ་འདིར་བཞུགས་བསྡད་པ་དང་འབྲེལ་ཡོད་སྨན་པ་རྒན་རིམ་དང་རྩིས་པ། ལས་བྱེད་བཅས་ཚང་མས་ཧུར་ཐག་གནང་བའི་གྲུབ་འབྲས་ཤིག་ཆགས་བསྡད་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོས་ག་དུས་ཡིན་ཡང་རེ་བ་བཟང་སར་བརྒྱབ་ནས་བཟང་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ་དེར་དོ་ཕོག་དང་ཉམས་པ། མ་ལེགས་པ་སོགས་ཡོང་སྲིད་པ་དེ་ཚོར་ཡང་ཐུགས་གཟབ་དང་དོགས་གཟོན་བྱེད་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཅེས་དང་། སྨན་རྩིས་ཁང་འཛམ་གླིང་ཡུལ་ལུང་མང་པོའི་ནང་ཁྱབ་བསྡད་པའི་སྐབས་འདིར་སྨན་རྩིས་ཁང་གི་སྨན་པ་རྣམ་པ་དང་འཛིན་སྐྱོང་སོགས་ནས་རྒྱལ་སྤྱིའི་ཁྲིམས་དང་། དམིགས་བསལ་རྒྱ་གར་ཡུལ་ཁྲིམས་སོགས་ཀྱི་ཐོག་དོ་སྣང་དང་ཁྲིམས་མཐུན་བཞིན་འགྲོ་རྒྱུ་གལ་ཆེན་ཡིན་སྐོར་དང་། ཉེ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་གནའ་དེང་ཟུང་འབྲེལ་གལ་ཆེན་ཡིན་པའི་གྲོས་ཆོད་རིགས་བཀོད་ཡོད་པས། འདི་ལོར་འཕྲོད་བསྟེན་ལས་ཁུངས་ངོས་ནས་དེང་རབས་སྨན་ལུགས་དང་བོད་ཀྱི་གསོ་བ་རིག་པ་གཉིས་ཟུང་འབྲེལ་ཐོག་སྨན་པ་ཁག་ཅིག་ལ་ཟབ་སྦྱོང་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ། 

བསྐྱར་བཅོས།: ༢༠༡༩/༠༣/༢༩

Leave a Reply

2 thoughts on “སུད་སིའི་ནང་བོད་སྨན་གསུམ་དེབ་སྐྱེལ་ངོས་འཛིན་ཡོང་ཐབས་གནང་རྒྱུ་ཡིན།

  1. འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་ལྟར་ན། སྨན་པའི་གནས་རིམ་འཕར་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་རྙིང་པ་དེ་ལ་༧སྐྱབས་མགོན་རིན་པོ་ཆེས་ཕྱག་རྟགས་ཕེབས་ཡོད་ཀྱང་། རྩ་འཛིན་གཞིར་བཟུང་ལག་བསྟར་མ་ཐུབ་པར་ཡུན་རིང་ལུས་འབྲས། སྒྲིག་གཞི་བསྐྱར་བཅོས་གནང་རྗེས་༧སྐྱབས་མགོན་རིན་པོ་ཆེར་སྤྱན་བསྟར་ཞུས་ཏེ་སྒྲིག་གཞི་གསར་པ་དེ་ལ་ཕྱག་རྟགས་ཕེབས་ཡོད་ཀྱང་སྨན་པའི་སློབ་སྦྱོང་མཐར་ཐོན་པ་སྐབས་གཉིས་པ་དང་གསུམ་པ་ནས་སྒྲིག་གཞིར་རྩ་འཛིན་གནང་མི་འདུག །