བོད་རིགས་མཐོ་རིམ་སློབ་མར་དམིགས་བསལ་གནང་།

རྒྱ་གར་གྱི་མཐོ་སློབ་ཅིག་གིས་བོད་རིགས་སློབ་མ་ཚོར་སློབ་ཡོན་ཆག་ཡང་བཏང་བ་མ་ཟད་རྒྱུགས་འབྲས་རྩེ་བཏོག་གི་འགྲན་རྩོད་ནང་དུའང་ཞུགས་མི་དགོས་པ་བཟོས་འདུགརྒྱ་གར་གྱི་མཐོ་སློབ་ཁག་ནས་སློབ་མ་གསར་དུ་བསྡུ་བའི་དུས་སྐབས་དང་བསྟུན། ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱ་གར་གྱི་བྷ་ན་རཱ་སི་ཧིན་རྡུ་མཐོ་སློབ་(Banaras Hindu University)གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། མཐོ་སློབ་དེར་ཞུགས་མཁན་བོད་རིགས་སློབ་མ་ཚོ་སྐྱབས་བཅོལ་བའི་གནས་བབ་འོག་སློབ་ཡོན་ཆག་ཡང་བཏང་སྟེ་རྒྱ་གར་གྱི་སློབ་མ་དང་གཅིག་མཚུངས་ལྟར་སྤྲོད་ཆོག་པ་མ་ཟད། རྒྱ་གར་གྱི་ཡུལ་མི་ལྟར་རྒྱུགས་འབྲས་རྩེ་བཏོག་གི་འགྲན་སྡུར་ནང་དུའང་ཞུགས་མི་དགོས་པའི་དམིགས་བསལ་གྱི་སློབ་འཇུག་གི་སྒྲིག་གཞི་གསར་པ་ཞིག་གཏན་འབེབ་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བྷ་ན་རཱ་སི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་སློབ་སྟོན་པ་གཉན་ཐར་ལགས་སུ། སློབ་འཇུག་གི་སྒྲིག་གཞི་གསར་པ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ང་ཚོས་ད་ལྟ་བར་དུ་སློབ་ཞུགས་སྐབས་སློབ་ཡོན་ཐད་ཆག་ཡང་ཐོག་ཕྱི་རྒྱལ་བའི་ཁོངས་ནས་འཛུལ་ཆོག་པ་དང་། སློབ་ཡོན་ཡུལ་མི་བཞིན་སྤྲོད་ཆོག་པ་བྱས་ཏེ་ཡུལ་མིའི་ཡིག་རྒྱུགས་ནང་འགྲན་ཞུགས་མི་དགོས་པ་ཞིག་རྩོད་ལེན་བྱས་པ་རེད། ད་ལྟ་སློབ་ཡོན་ཀྱི་ཆ་ནས་ཨ་རི་དང་རྒྱ་ནག ཉི་ཧོང་སོགས་ནས་ཡོང་བའི་སློབ་མ་ཚོའི་སློབ་ཡོན་ལྟར་སྤྲོད་དགོས་ཀྱི་མེད་པ་མ་ཟད། འབྲུག་དང་བལ་ཡུལ་སོགས་ལས་ཀྱང་བོད་པ་ཚོའི་སློབ་ཡོན་དམའ་བ་ཡོད་པ་རེད། སྔོན་ཆད་ཧིན་སྒོར་ཁྲི་ཁ་ཤས་སྤྲོད་དགོས་པ་དེར་ད་ལྟ་རྒྱ་གར་ཀྱི་ཡུལ་མི་བཞིན་སློབ་འཇུག་གི་དངུལ་སྟོང་འགའ་དང་སློབ་ཡོན་སྟོང་འགའ་མ་གཏོགས་དགོས་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།ཡང་སློབ་འཇུག་གི་སྒྲིག་གཞི་གསར་པ་དེ་ག་འདྲ་ཐག་གཅོད་བྱུང་བའི་བརྒྱུད་རིམ་སྐོར་ལ་ཁོང་གིས། བོད་རིགས་སློབ་མ་ཚོས་སྐྱབས་བཅོལ་ལག་དེབ་(RC)འཁྱེར་ཡོད་པས་ཕྱི་རྒྱལ་གྱི་སློབ་ཕྲུག་ལྟར་སློབ་ཞུགས་བྱེད་དགོས་ཀྱི་ཡོད་པ་དང་། སློབ་ཡོན་ཡང་ཧ་ཅང་མཐོན་པོ་སྤྲོད་དགོས་ཀྱི་ཡོད་པའི་རྐྱེན་གྱིས། བོད་རིགས་སློབ་མ་ ༢༠ སློབ་ཞུགས་བྱས་པ་ཡིན་ན་མི་ ༡༠ ཙམ་གྱིས་སློབ་ཡོན་སྤྲོད་རྒྱུ་མ་རག་པར་ཕྱིར་འཐེན་རྒྱག་དགོས་ཁེལ་གྱི་ཡོད་པ་རེད། གལ་སྲིད་རྒྱ་གར་གྱི་ཡུལ་མི་ནང་བཞིན་སློབ་ཞུགས་བྱས་པ་ཡིན་ན་ཡིག་རྒྱུགས་ཀྱི་འགྲན་སྡུར་ནང་ཞུགས་དགོས་ཀྱི་ཡོད་སྟབས། བོད་རིགས་སློབ་མ་རེ་གཉིས་མ་གཏོགས་ཚུད་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་པར་བརྟེན། ཕྱི་ལོ་ ༢༠༡༤ ཙམ་ནས་བཟུང་བྷ་ན་རཱ་སི་བོད་རིགས་སློབ་མའི་མཐུན་ཚོགས་ནས་ཕྱོགས་ཕེབས་སྤྱི་འཐུས་ལ་དཀའ་ངལ་སྙན་གསང་ཞུས་ཡོད་ཀྱང་རོགས་ཕན་གནང་བའི་བརྡ་ལན་མ་འབྱོར་བར་བརྟེན། ཕྱི་ལོ་ ༢༠༡༦ ལོར་སློབ་མའི་མཐུན་ཚོགས་ཀྱི་སློབ་སྟོན་པ་དང་ཚོགས་གཙོ་གཉིས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱི་མདུན་དུ་བཅར་ཏེ་དཀའ་ངལ་ཞུས་ཡོད་པ་དང་། དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་དྭང་དུ་བླངས་ཏེ་དངོས་སུ་སློབ་གྲྭ་དེར་ཕེབས་ནས་མཐོ་སློབ་ཀྱི་དབུ་འཛིན་དང་འཛིན་སྐྱོང་གི་དཔོན་རིགས། སློབ་མའི་མཐུན་ཚོགས་སོགས་ལ་ཡང་དང་བསྐྱར་དུ་ཐུག་ནས་དཀའ་ངལ་ཞུས་ཏེ། ཕྱི་ལོ་ ༢༠༡༨ ལོའི་ལོ་མགོ་ཙམ་ལ་རྒྱ་གར་འོས་བསྡུ་དང་འབྲེལ་ནས་མཐོ་སློབ་དེའི་ནང་ཆབ་སྲིད་ཀྱི་རྙོག་དྲ་ཞིག་བྱུང་སྟེ་ཞུ་སྙན་མཇུག་སྐྱོང་མ་ཐུབ་པར་ལྷག་ཡོད་ཀྱང་། བདུན་ཕྲག་སྔོན་མའི་ནང་བྷ་ན་རཱ་སི་སློབ་མའི་མཐུན་གྱི་སློབ་སྟོན་པ་དང་། ཚོགས་གཙོ་ཟུར་པ། ལས་ཐོག་ཚོགས་གཙོ་བཅས་བསྐྱར་དུ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱི་མདུན་དུ་བཅར་ཏེ། ད་ལོའི་སློབ་འཇུག་གི་སྐབས་འདི་དང་བསྟུན། སློབ་ཡོན་གྱི་གནས་ཚུལ་དེ་གསལ་པོ་ཆགས་ན་ཡག་པོ་ཡོད་སྐོར་ཞུས་རྗེས། དགེ་བཤེས་ལགས་ཀྱིས་མཐོ་སློབ་དེར་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་གནང་བ་བརྒྱུད། ཐོག་མར་མཐོ་སློབ་ཀྱི་ཆེས་མཐོའི་འགན་འཛིན་ལྷན་ཚོགས་ནས་གོ་བསྡུར་ཐག་གཅོད་བྱུང་བ་དང་། དེ་ནས་དེའི་འོག་གི་ལག་བསྟར་ལྷན་ཚོགས་ནས་ཐག་གཅོད་བྱུང་ཡོད་སྐོར་བརྗོད་བྱུང་།

བྷ་ནཱ་རཱ་སི་མཐོ་སློབ་ནི་ཐོག་མར་རྒྱ་གར་གྱི་ཤེས་ཡོན་པ་དང་ཆབ་སྲིད་པ་མཱ་ཌན་མོ་ཧན་མཱ་ལཱ་ཝེ་ཡ་(Madan Mohan Malaviya)ལགས་ཀྱིས་ཕྱི་ལོ ༡༩༡༦ ལོར་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་མཐོ་སློབ་དེར་ཕྱིའི་རྒྱལ་ཁབ་ཁག་ ༥༠ ཙམ་གྱི་སློབ་མ་བཅས་དབུས་སློབ་ཁང་རང་ལ་སློབ་ཕྲུག་ཁྲི་ ༣ ལྷག་ཡོད་པ་དང་། བོད་རིགས་སློབ་མ་ ༣༠ ལྷག་གིས་ཚན་རིག་དང་ཨང་རྩིས། དངོས་ཁམས་རིག་པ་སོགས་ཀྱི་ཐོག་སློབ་གཉེར་གནང་མུས་ཡིན་འདུག་ལ།  མཐོ་སློབ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་རྩེ་ཕུད་ཨང་བཅུ་པའི་ནང་ཚུད་ཡོད་པ་མ་ཟད།  སློབ་གྲྭའི་ཁོར་ཡུག་གི་རྒྱ་ཁྱོན་སོགས་ཨེ་ཤ་ཡའི་ནང་ཆེ་ཤོས་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད་འདུགཕྱི་ལོ་ ༡༩༥༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧པཎ་ཆེན་རིན་པོ་མཆོག་རྣམ་གཉིས་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ཐོག་ཕེབས་སྐབས། མཐོ་སློབ་དེས་ཆེད་དུ་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་ལ་ཤེས་ཡོན་ཕྱག་ཁྱེར་ཞིག་ཀྱང་འབུལ་ལམ་ཞུས་ཡོད་པ་དང་། དེ་ནི་ད་ལྟ་བར་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་༧གོང་ས་མཆོག་ལ་ཤེས་ཡོན་ཕྱག་འཁྱེར་དང་ཆེ་བསྟོད་གཟེངས་རྟགས་མང་པོ་འབུལ་ལམ་ཞུས་པའི་ཁྲོད་ཀྱི་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༢

Leave a Reply

One thought on “བོད་རིགས་མཐོ་རིམ་སློབ་མར་དམིགས་བསལ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམའ་

    མི་མང་གི་སྐུ་ཚབ་སྤྱི་འཐུས་ལ་སྙན་སེང་ཞུས་་ནས་འགན་མ་འཁུར་བ་དེ་དངོས་བདེན་
    ཡིན་ན་བློ་ཕམ་གྱི་གནས་ཚུལ་རེད་ལ་དགེ་ཤེས་ངག་དབང་བསམ་གཏན་མཆོག་ལ་
    ཐུགས་རྗེ་ཆེ་ཞུ་གི་ཡོད།