འདི་ལོར་ཕྱུགས་ཟོག་ཁྲི་ལྔ་ལྷག་ལ་འཆི་སྐྱོན་བྱུང་།

རྒྱ་ནག་གཞུང་གིས་འདི་ལོར་མཚོ་སྔོན་ཞིང་ཆེན་ནང་འདས་པའི་ལོ་ངོ་ ༦༠ མ་ཟིན་ཙམ་ནང་བྱུང་མ་མྱོང་བའི་གངས་སྐྱོན་བྱུང་སྟེ་འབྲོག་ཁྱིམ་ཁྲི་ ༢༡ ལ་རྒྱ་སྒོར་དུང་ཕྱུར་གཅིག་ལྷག་གི་གྱོང་གུད་ཐེབས་འདུག་ཟེར།ཁ་སང་ཕྱི་ཚེས་ ༡ ཉིན་མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་ཟེར་བས། ད་ལོའི་དགུན་དུས་སུ་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་གངས་སྐྱོན་ཁྲོད་གོད་ཆག་བྱུང་བའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། གངས་སྐྱོན་གྱིས་རྫོང་དང་གྲོང་ཁྱེར་ ༡༣  གྱི་མངའ་ཁུལ་དུ་ཡོད་པའི་འབྲོག་ཁྱིམ་ཁྲི་ ༢༡ ལྷག་ལ་གནོད་འཚེ་ཐེབས་ཡོད་སྟབས། འདས་པའི་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་གྱི་རིང་བྱུང་མ་མྱོང་བའི་གོད་ཆག་ཚབས་ཆེ་ཤོས་བྱུང་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ནས་ཁ་བ་འབབ་མགོ་ཚུགས་ཏེ་ད་ལོའི་དགུན་གནང་བར་ཁྱོན་ཉིན་གྲངས་ ༡༠༠ ཙམ་ལ་བསྟུན་མར་ཁ་བ་བབས་ཡོད་པ་དང་། ཁ་བ་འབབ་ཤུགས་ཆེ་ཤོས་ཡུལ་ཤུལ་དང་། མགོ་ལོག མཚོ་ཤར་སོགས་ཡིན་པ་དང་། གངས་སྐྱོན་ཁྲོད་ཕྱུགས་ཟོག་གྲངས་ ༥༧༨༠༠ ཙམ་ལ་འཆི་སྐྱོན་བྱུང་བའི་ཁྲོད་མང་ཆེ་བ་འབྲི་གཡག་དང་ལུག་ཡིན་པ་དང་། བདག་མེད་གཅན་གཟན་རི་དྭགས་རིགས་ ༢༡༩ ཙམ་ཤི་ཡོད་པ་དང་། མང་ཆེ་བ་གནའ་བ་དང་དགོ་བ་སོགས་ཡིན་ལ། འདི་ལོའི་གངས་སྐྱོན་ཁྲོད་འབྲོག་པའི་ཕྱུག་ཟོག་ཤི་བའི་དཔལ་འབྱོར་གྱོང་གུད་རྒྱ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ ༩ ས་ཡ་ ༢  ཙམ་ཡིན་སྐོར་བརྗོད་འདུགད་ལོའི་ལོ་སར་གྱི་སྔ་གཞུག་ཏུ་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་གངས་སྐྱོན་ཆེན་པོ་བྱུང་སྟེ་འགྲིམ་འགྲུལ་འགྲོ་འོང་འགག་པ་དང་། ཕྱུགས་ཟོག་སེམས་ཅན་གངས་ཀྱིས་མནན་ཏེ་ཉིན་གྲངས་མང་པོར་ལྷག་པ་དང་། ཆུ་དང་གཟན་རྩྭ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་དེ་ཤི་སྐྱོན་བྱུང་བའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་སྐབས། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གངས་སྐྱོན་ཁྲོད་སྲིད་གཞུང་གིས་འཕྲལ་དུ་གནོད་སྐྱོན་ཞི་འཇགས་དང་། མི་མང་ལ་ལོ་གསར་པ་རོལ་ཐུབ་པ་ཁག་ཐེག་བྱས་ཡོད་སྐོར་སོགས་ཤུགས་ཆེར་བསྒྲགས་ཡོད་ན་ཡང་། ཉི་ཤས་རྗེས་སུ་ས་གནས་བོད་མི་ཚོས་འབྲོག་ཁྱིམ་མང་པོར་ཟ་མ་དང་འབུད་ཤིང་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས་འཕྲལ་དུ་རོགས་སྐྱོར་དགོས་པའི་འབོད་སྐུལ་གནང་བ་དང་། ས་གནས་ཀྱི་བླ་མ་དང་ཡུལ་མི་དྭང་བླངས་བས་གནོད་ཐེབས་རོགས་སྐྱོབ་བྱས་པ་དང་། རླངས་འཁོར་མང་པོའི་ནང་གཟན་རྩྭ་དབོར་འདྲེན་བྱས་པ་མ་ཟད། གཞུང་ལམ་མེད་པའི་རི་སྒང་ཁུལ་དུ་གཟན་རྩྭ་རྒྱབ་ཏུ་འཁུར་ནས་ཕྱིན་པ། འགྲིམ་འགྲུལ་བདེ་འཇགས་ཆེད་གཞུང་ལམ་གྱི་ཁ་བ་འཕྱགས་པ་སོགས་ཀྱི་པར་དང་གནས་ཚུལ་མང་པོ་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ནས་ད་ལོའི་གངས་སྐྱོན་དེ་ནི་ཕྱི་ལོ་ ༡༩༦༡ ལོ་ནས་ལོ་ངོ་ ༦༠ མ་ཟིན་ཙམ་ནང་གནོད་ཚབས་ཆེ་ཤོས་ཆགས་ཡོད་ལ། ད་ལྟ་བར་དུ་ཁྱོན་རྒྱ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལྷག་བཏང་ཟིན་ལ། དེའི་ཁྲོད་དུ་རྒྱ་ནག་དབུས་གཞུང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་ལྔ་དང་། ཞིང་ཆེན་ཕྱི་ནང་ནས་ཞལ་འདེབས་སུ་ཕུལ་བའི་རོགས་སྐྱོར་མ་དངུལ་དང་རོགས་སྐྱོར་དངོས་ཟོག་ཚང་མ་སྒོར་མོར་བཀུགས་ན་ཁྱོན་རྒྱ་སྒོར་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་བདུན་ལྷག་ལ་བསླེབས་ཡོད་སྟབས། མ་དངུལ་འདི་དག་གིས་མཚོ་སྔོན་ལྷོ་རྒྱུད་ཀྱི་གངས་སྐྱོན་གནོད་སྐྱོབ་བྱ་བར་རྒྱལ་ཁ་ཐོབ་པར་འགན་སྲུང་བྱས་ཡོད་སྐོར་བསྒྲགས་འདུག

མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཁུལ་མང་པོ་ཞིག་ས་མཐོ་ཞིང་དགུན་དུས་ཁ་བ་ཆེན་པོ་འབབ་ཀྱི་ཡོད་འདུག  ཕྱི་ལོ་ ༢༠༠༨ ལོར་ཁུལ་དེར་གངས་སྐྱོན་ཆེན་པོ་བྱུང་ནས་སེམས་ཅན་མང་པོར་འཆི་སྐྱོན་བྱུང་ཡོད་་དང་། ཡང་ཕྱི་ལོ་ ༢༠༡༥ ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་སོགས་སུ་གངས་སྐྱོན་ཆེན་པོ་བྱུང་སྟེ། གཏེར་ལམ་རྫོང་ཡོངས་སུ་འབྲོག་ཁྱིམ་ ༢༠༠༠ ཙམ་ཡོད་པའི་ནང་ནས་ཕྱུགས་ཟོག་འབུམ་ ༥ ལྷག་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཐོན་པ་དང་། ཡུལ་མི་ཚོས་གནོད་ཐེབས་ཁུལ་དུ་དྭང་བླངས་རོགས་སྐྱོར་བྱས་པའི་པར་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་བསླེབས་པར་བརྟེན། རྒྱ་ནག་གཞུང་གིས་གནོད་སེལ་རོགས་སྐྱོར་བ་ཚོས་ངེས་པར་དུ་རྒྱ་ནག་གཞུང་གི་རྒྱ་དར་འཁྱེར་དགོས་པའི་བཙན་བཀའ་བཏང་བ་སོགས་ཀྱི་གནས་ཚུལ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༠༢

Leave a Reply