ཧིན་སྒོར་ས་ཡ་ ༡༠ ཡི་ཚོང་དོན་མ་དངུལ་གནང་རྒྱུ་རེད་འདུག

བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་ཆེད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ཚོང་གཉེར་འགྲན་སྡུར་གནང་བ་བརྒྱུད་ཚོང་ལས་འཆར་གཞི་ལེགས་ཤོས་ལ་ཧིན་སྒོར་ས་ཡ་ ༡༠ ཡི་མ་དངུལ་མཐུན་འགྱུར་གནང་རྒྱུ་ཡིན་འདུགདེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་། དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་(TED Initiative)དང་། དབྱིན་ཡུལ་བོད་ཁང་ཐེབས་རྩ། ཁེ་ན་ཌའི་མོན་ཁྲི་ཡོལ་གྱི་བོད་པའི་གསར་གཏོད་(Tibet Innovations)བཅས་མཉམ་འབྲེལ་གྱི་ཐོག བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་ཐབས་གཙོར་བཟུང་གིས་རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ནང་གནས་སྡོད་བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཆེད། ཧིན་སྒོར་ས་ཡ་ ༡༠ ཡི་ཚོང་གཉེར་འགྲན་སྡུར་ཞིག་སྒོ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། དེ་རིང་འདིར་བཙན་བྱོལ་ཀྱི་གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་དང་། ལྷག་པར་དུ་རྒྱ་གར་གྱི་གཞིས་ཆགས་ཁག་དུ་རྟེན་གཞི་བྱས་པའི་ཆོས་སྡེ་དང་། མི་སྡེ། སློབ་སྡེ་བཅས་མུ་མཐུད་རྒྱུན་གནས་ལེགས་པོ་ཡོང་ཆེད། གཞིས་ཆགས་སྲ་བརྟན་དང་འབྲེལ་བོད་རིགས་གཞོན་སྐྱེས་རྣམས་གཞིས་ཆགས་ནང་འཚོ་གནས་ཡོང་ཆེད་ཁོ་ཚོར་ལས་ཀའི་གོ་སྐབས་བསྐྲུན་ཐབས་སུ་དམིགས་པ་ཞིག་ཡིན་སྐོར་གསུངས་སོང་།

དེའི་རྗེས་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཟུར་པ་ཐུབ་བསྟུན་བསམ་གྲུབ་ལགས་ཀྱིས་ (Skype)དྲ་ལམ་བརྒྱུད། བོད་པའི་གསར་གཏོད་(Tibet Innovations)ཞེས་པ་དེ་ཐོག་མར་གཞིས་ཆགས་སྲ་བརྟན་ཡོང་ཐབས་ལ་དམིགས་སུ་བཀར་ནས་བཙུགས་པ་ཞིག་མ་རེད། དེ་གཙོ་བོ་བོད་པའི་ནང་ཚོང་ལས་དང་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་བའི་བསམ་བློ་གསར་པ་ཡོང་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁེ་ན་ཌར་ཆིབས་བསྒྱུར་བསྐྱངས་སྐབས། བོད་མིའི་གཞིས་ཆགས་ཆེ་ཁག་རྣམས་སྟོང་འགྲོ་བའི་ཉེན་ཁར་བསླེབས་འདུག་པས་དེར་ཐབས་ཤེས་ག་འདྲ་ཡོད་མེད་ཀྱི་བཀའ་སློབ་ཕེབས་ཡོང་དུས། གོ་བསྡུར་དང་བསམ་བློ་མང་པོ་བཏང་རྗེས་མཐའ་མ་དེར་དབྱིན་ཡུལ་དོན་གཅོད་ཀྱི་བོད་ཁང་ཐེབས་རྩ་ནང་བསྡུ་རུབ་བྱས་པའི་མ་དངུལ་དག་བེད་སྤྱོད་བྱས་ཏེ། གཞིས་ཆགས་ཁག་ནང་གླ་ཆ་ཡག་པོ་སྤྲོད་ཐུབ་པའི་ལས་ཀ་འཛུགས་བསྐྲུན་བྱེད་ཐུབ་པ་ཡིན་ན། གཞིས་ཆགས་ནང་ཡོད་པའི་གཞོན་སྐྱེས་རྣམས་ཀྱིས་ཀྱང་བསམ་བློ་ཞིག་གཏོང་རྒྱུ་ཡོང་གི་རེད་བསམ་པ་རེད། ད་ལྟའི་ཆར་གཞིས་ཆགས་ནང་གླ་ཆ་ཡག་པོ་ཡོད་པའི་ལས་ཀ་མེད་དུས། གཞོན་སྐྱེས་རྣམས་ལ་ཡང་ཐབས་ཤེས་མེད་པར་ཕྱི་ལ་ཐོན་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་དེའི་ཆེད་མ་དངུལ་གྱི་གཟེངས་རྟགས་ཤིག་ཆེད་དུ་བཞག་སྟེ། མི་མང་ནང་ལ་ཚོང་ལས་ཀྱི་བསམ་བློ་ཡོད་ཀྱང་། དངུལ་གྱི་རྒྱབ་རྟེན་མེད་པ་དེ་ཚོར་རྒྱ་གར་གྱི་ཧིན་སྒོར་བྱེ་བ་ ༡ འབུལ་རྒྱུ་བྱས་ཡོད་སྐོར་དང་། ཡང་ཁོང་གིས། གཅིག་ནས་ལས་གཞི་འདིར་དངུལ་མང་པོ་ཞིག་ཡོད་པ་དང་མ་འོངས་པར་བསྟན་རྒྱུ་མེད་པ་དེ་འདྲ་ཆགས་སྲིད་པ་རེད། ཡིན་ན་ཡང་། ད་ལན་གྱི་འགྲན་སྡུར་འདི་གཅིག་ནས་དངུལ་འབོར་ཆེན་པོ་ཡིན་ཡང་། གཙོ་བོ་སོ་སོའི་ཚོང་གི་ཁེ་བཟང་བཟོ་རྒྱུ་ཙམ་མིན་པར། སྤྱི་ཚོགས་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ཕུགས་རྒྱང་རིང་པོའི་ཐོག་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

དྲི་བ་དྲིས་ལན་གྱི་སྐབས་གསར་འགོད་པ་ཞིག་གིས། ཐེངས་འདིའི་ཚོང་ལས་འགྲན་སྡུར་གྱི་མ་དངུལ་ས་ཡ་ ༡༠ ཧྲིལ་པོ་མི་སྒེར་གཅིག་ལ་གནང་རྒྱུ་ཡིན་མིན་དང་། འགྲན་སྡུར་འཐོབ་མཁན་དེར་ས་ཡ་ ༡༠ སྡེབ་གཅིག་ལ་འབུལ་རྒྱུའམ། ཡང་ན་དུས་རྒྱུན་དཔལ་འབྱོར་ལས་ཁུངས་ཀྱི་གནང་ཕྱོགས་བཞིན་རིམ་པ་ལྟར་འབུལ་རྒྱུ་ཡིན་མིན་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་མཆོག་གིས། ཐེངས་འདིའི་མ་དངུལ་ས་ཡ་ ༡༠ དེ་གཅིག་བྱེད་ན་ཚོང་ལས་འཆར་གཞི་ལེགས་པོ་གཅིག་ལ་སྤྲད་སྲིད་པ་དང་། ཡང་ན་ཚོང་ལས་འཆར་གཞི་གཉིས་དང་གསུམ་སོགས་ལ་སྤྲད་སྲིད་པ་ཞིག་རེད། དེ་གཙོ་བོ་ཚོང་གི་འཆར་གཞི་ལ་རག་ལས་ཀྱི་ཡོད་སྟབས། འཆར་གཞི་དེ་བརྟན་པོ་དང་། ལས་ཀ་བསྐྲུན་ཐུབ་མཁན་ཞིག དེ་བཞིན་གཞིས་ཆགས་སྲ་བརྟན་ལ་ཕན་ཐོགས་མཁན་ཞིག་དགོས་པ་མ་ཟད། ཕུགས་རྒྱང་རིང་པོ་ཡིན་རྒྱུ་གལ་ཆེན་ཡིན། ཅེས་དང་། མ་དངུལ་རག་ཐབས་དེ་སྡེབ་གཅིག་ལ་འབུལ་ཐབས་མེད་པར་འཆར་གཞི་དེའི་སྔོན་འགྲོའི་གོམ་པ་དང་པོ་དང་གཉིས་པ་བཅས་རིམ་པ་བྱས་ཏེ་མ་དངུལ་གཏན་འབེབ་ཀྱིས་འབུལ་དགོས་སྐོར་གསུངས་སོང་།

ཚོང་དོན་ལས་གཞི་འདི་རྒྱ་གར་གྱི་བོད་མིའི་གཞིས་ཆགས་གང་རུང་ཞིག་གི་ནང་སྤེལ་དགོས་པ་དང་། གཞིས་ཆགས་ཀྱི་བོད་རིགས་གཞོན་སྐྱེས་ཉུང་མཐར་ ༢༠ ལ་ལས་ཀའི་གོ་སྐབས་བསྐྲུན་དགོས་ཀྱི་ཡོད་པ་མ་ཟད། གླ་ཆ་ཡང་གང་འཚམ་གྱིས་ཆེན་པོ་སྤྲོད་དགོས་ཀྱི་ཡོད་འདུག ས་ཡ་ ༡༠ ཡི་ཚོང་དོན་འགྲན་སྡུར་ནང་རྒྱལ་ཁབ་དང་ཡུལ་གྲུ་གང་དུ་ཡང་གནས་སྡོད་བྱེད་མིན་ལ་མ་ལྟོས་པར། བོད་མིའི་དཔྱ་དངུལ་ལག་དེབ་ཡོད་མཁན་ཞིག་དང་། རང་ལོ་ ༡༨ ཡན་གྱི་མི་སྒེར་རམ། ཚོགས་སྡེ་བཅས་ནས་མཉམ་ཞུགས་ཆོག་གི་ཡོད་པ་དང་། ལས་གཞི་འདིའི་ནང་ཞུགས་འདོད་ཡོད་རིགས་རྣམས་ཀྱིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ མ་འགྱངས་བར་འཚང་སྙན་འབུལ་ཟིན་པ་དགོས་ཀྱི་ཡོད་པ་དང་། དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་དང་། ཁེ་ན་ཌའི་བོད་པའི་གསར་གཏོད་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་མཐའ་མའི་འགྲན་ཞུགས་པ་ ༡༠ འདེམས་སྒྲུག་བྱས་ཏེ། འབྲེལ་ཡོད་དཔྱད་འདེམས་ལྷན་ཚོགས་ནས་དཔྱད་ཞིབ་བྱས་པ་བརྒྱུད་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་འགྲན་ཞུགས་པ་རྩེ་ཕུད་གཅིག་ལ་ཧིན་སྒོར་ས་ཡ་ ༡༠ ཡི་མ་རྩ་མཐུན་འགྱུར་གནང་རྒྱུ་ཡིན་པ་དང་། ལས་འཆར་དེའི་ནང་འཚང་སྙན་འབུལ་ཐབས་སོགས་གནས་ཚུལ་ཞིབ་ཕྲ་རྣམས་ www.tibetinnovations.org ནང་དུ་གསལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༠༢

Leave a Reply

2 thoughts on “ཧིན་སྒོར་ས་ཡ་ ༡༠ ཡི་ཚོང་དོན་མ་དངུལ་གནང་རྒྱུ་རེད་འདུག

  1. གཞུང་པ་ཚེ་དབང་བསོད་ནམའ་

    མི་སྒེར་པ་ཞིག་ལ་ཧིན་་སྒོར་ས་ཡ་བཅུ་གནང་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་
    གནས་ཐུབ་པའི་རེ་བ་གནང་ན་དེ་གསལ་པོ་ཤེས་མ་སོང་ལ་གཞིས་ཆགས་ཁག་གི་ནང་སྡོད་
    མཁན་མིན་པའི་ཕྱི་ལོག་ནས་ཡིན་པ་ཞིག་ལ་ཧིན་སྒོར་ས་ཡ་བཅུ་གི་ལས་འཆར་དེ་ཐོབ་ན་
    གཞིས་ཁག་གི་ནང་ཧིན་སྒོར་ས་ཡ་བཅི་གི་འཛུགས་བསྐྲུན་བྱེད་སའི་ས་ཆ་དེ་ག་ནས་གནང་
    གི་རེད་ལ་མི་༢༠ ལ་ལས་ཀ་གནང་ཐུབ་པ་ཙམ་གྱི་གཞིས་བསྲ་བརྟན་དང་རྒྱུན་གནས་ཐུབ་
    ཀྱི་ཨ་ཡོད་གལ་ཆེ་ཤོས་དེ་ད་ཡོད་གཞིས་ཆགས་སོ་སོའི་ནང་ཡོང་འབབས་ལས་གཞི་ཆུང་ཙག་
    ཁྱིམ་ཚང་སོ་སོར་འགན་དཀྲིའི་འོག་དཔལ་འབྱོར་མ་དངུལ་ཁྱིམ་ཚང་རེར་ཧིན་སྒོར་འབུམ་ལྔ་
    ཙམ་གཡར་ནས་ཁྱིམ་ཚང་འགའ་ཤས་ནས་ཡིག་ལྐོག་བཟོ་རྒྱུ་དང་ཁྱིམ་ཚང་འགའ་ཤས་ནས་
    Ball pen refill བཟོ་རྒྱུ་དང་ཁྱིམ་ཚང་འགའ་ཤས་ནས་ཇ་དང་ཆུ་སོགས་འཐུང་སའི་ཤོག་བུ་
    ཕོར་བ་ cup སོགས་ལས་རིགས་ཆུང་ཙག་འདྲ་མིན་བཟོས་ནས་དེ་དག་གི་འཐོན་འབབས་ཅ་
    དགོས་རྣམས་ས་གནས་མཉམ་འབྲེལ་ལམ་སྤྱི་མཐུན་མཉམ་འབྲེལ་གང་རུང་རྒྱུད་ཁྲོམ་རར་སྐྱེལ་
    དགོས་དང་ད་ཡོད་གཞིས་ཆགས་ནང་གནམ་ཆུ་ལ་སྐྱབས་བཅོལ་ནས་ས་ཞིང་འདེབས་ལ་འགྱུར་
    བ་བཏང་ནས་ས་འོག་ཆུ་འདྲེན་རྒྱུད་ཞིང་ཆུ་འདྲེན་གཏོང་གི་ལས་གཞི་སྤྲེལ་དགོས་པ་སོགས་
    གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལམ་ཁ་དེ་ཚོ་ཡིན་པ་ལས་མི་སྒེར་པ་གཅིག་
    ལ་ཧིན་སྒོར་ས་ཡ་བཅུ་གནང་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་མིམ་མི་ཤེས་སྟེ་
    མི་སྒེར་པ་ཕྱུགས་པོ་བཟོ་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ།

  2. སྐར་མ་མཐར་ལོ།

    ཧ་ཧ་ཧ་ གད་མོ་མི་ཤོར་རང་ཤོར་གྱི་གནས་ཚུལ་ཞིག་རེད་འདུག
    བཙན་བྱོལ་བོད་མིས་གཞུང་ཞབས་རྣམས་པར་གུས་བཀུར་ཡོད་བཞིན།

    ༡ བཙན་བྱོལ་བོད་མིས་གཞིས་ཆགས་ཁག་དུ་གཞོན་སྐྱེས་ཉུང་དང་ཉུང་དུ་འགྲོ་བཞིན་པ་རྣམས་ཁྱེན་གྱི་མེད་ན། དེང་སང་གཞིས་ཆགས་ཁག་དུ་རྒན་རྒོན་ཁེར་སྐྱངས་དུ་ལུས་ཡོད་པ་རྣམས་ཁྱེན་གྱི་ཡོད་ན། ས་ཞིང་ཆ་ཚང་རྒྱ་གར་ཡུལ་མི་རྣམས་ལ་བག་མ་གཏོང་ཡོད་པ་ཤེས་ཀྱི་ཡོད་ན། དེ་རིང་ཡང་མ་དངུལ་འདི་འདྲ་གཡར་རྒྱུའི་འཆར་གཞི་འདི་ཚོ་དངོས་གནས་འེ་ཡིན།

    ༢ སྔོན་མ་ཞིག་ལ་རྡ་སར་གནས་སྐབས། དེ་རིང་གིས་གསར་འགྱུར་ནང་བཞིན། དེ་ཡང་། ༢༠༠༦ ལོའུ་བར་ཡིན། དཔལ་འབྱོར་ལས་ཁང་དངོས་ནས། བོད་ནས་ཡོངས་བས་གསར་འབྱོར་ཚོ་ལ་མ་དངུལ་ཧིན་སྒོར་འབུམ་གཉིས་རེ་གཡར་རྒྱུ་ཡིན་པས་གསར་བསྒྲགས་བྱས་བར། བོད་ནས་ཡོངས་བས་གསར་འབྱོར་གང་མང་བདེ་དོན་ལས་ཁང་ལ་ཚང་ཁ་ཤུག་ཤུག་གིས་ཐོ་འགོད་བྱས་སོང་།
    རྗེས་སུ་མ་དངུལ་གཡར་རྒྱུའི་འཆར་གཞི་འདིས་སྐོར་གང་ཡང་གོ་རྒྱུ་ཚུལ་རྒྱུ་མེད་པར་གྱུར་སོང་།
    དངོས་གནས་བཅས་ན། བོད་ནས་ཡོངས་བས་འགྲོ་ས་བརྟེན་ས་མེད་པས་གསར་འབྱོར་བ་ཚོ་འདི་འདྲའི་རོགས་རམས་བྱས་བ་གོ་མྱོང་ཡང་མེད་དེ། གོ་བས་རེ་བ་ཡང་ཡོད་མི་སྲིད། དེ་རིང་སྐད་ཆ་ཅུང་ཙམ་བཤད་པ་འདི་ནི། ཁྱེད་གཞུང་ཞབས་རྣམས་ལ་ཁེངས་ར་མིན་ལ། འདི་ནི་དངོས་བྱུང་གི་རྒྱུད་རིམས་ཁྲོད་ནས་མཐང་ཐོས་དང་གཙན་བྱོལ་སྤྱི་ཚོགས་ནང་དངོས་བྱུང་གནས་ཚུལ་ཀྱང་ཡིན། གོ་ནོར་བྱུང་ན་དགོང་དག