དབྱིན་ཡུལ་གྲོས་ཚོགས་འཐུས་མིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་།

དབྱིན་ཡུལ་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་ཁག་གི་བཙོན་པ་ཚོའི་དབང་བོ་རྣམས་བཙན་གྱིས་རྐུ་འཁྱེར་དང་ལྐོག་ཚོང་བྱེད་བཞིན་པའི་ཐད་སྐྱོན་བརྗོད་དང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་མིའི་དབང་བོ་བརྗེ་ལེན་བྱེད་ཀྱི་ཡོད་པའི་གནད་དོན་ཐད་ཞིབ་འཇུག་གིས་སྙན་ཐོ་འདོན་གྱི་ཡིན་སྐོར་བརྗོད་འདུག
ཁ་སང་ཕྱི་ཚེས་ ༡ ཉིན། དབྱིན་ཡུལ་གྷར་ཌན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་བོད་མི་དང་ཡུ་གུར་ཁ་ཆེ་བ། དེ་བཞིན་ཡེ་ཤུ་ཆོས་པ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་དབང་པོ་རྐུ་འཁྱེར་བྱས་ཏེ། གཞུང་འབྲེལ་གྱི་དབང་བོ་བརྗེ་ལེན་སྨན་ཁང་དེ་ཚོར་མཁོ་སྤྲོད་བྱེད་བཞིན་ཡོད་པའི་རྐྱེན་གྱིས། དབྱིན་ཡུལ་གྲོས་ཚོགས་འཐུས་མི་ ༤༠ ལྷག་གིས་དབྱིན་ཡུལ་གྱི་ནད་པ་ཚོ་རྒྱ་ནག་ནང་དབང་པོ་བརྗེ་ལེན་སོགས་ཀྱི་སྨན་བཅོས་བྱེད་དུ་འགྲོ་བར་བཀག་འགོག་དགོས་པའི་རྒྱབ་གཉེར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མིའི་དབང་བོ་བརྗེ་ལེན་གྱི་སྨན་བཅོས་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

 དབྱིན་ཡུལ་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དེ་ཚོས་མཚན་རྟགས་བརྒྱབས་པའི་རྒྱབ་གཉེར་ཡི་གེ་དེའི་ནང་། རྒྱ་ནག་གཞུང་གིས་ཡུན་རིང་ཞིག་ལ་བོད་སོགས་གྲངས་ཉུང་མི་རིགས་ཁག་གི་ནང་དུས་ངེས་མེད་ཀྱི་བཀག་ཉར་དང་བཙོན་འཇུག་བྱས་པའི་བཙོན་པ་ཚོའི་དབང་བོ་རྣམས་བཙན་གྱིས་རྐུ་འཁྱེར་བྱས་ཏེ་ལྐོག་ཚོང་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་དབྱིན་ཡུལ་གྱི་རྒྱ་ནག་སྐོར་གྱི་ཁྲིམས་ཞིབ་སྙན་ཐོའི་ནང་བཀོད་ཡོད་པ་ལྟར། ཐའེ་ཝན་དང་ཨི་ཊ་ལི། སི་པན་དང་ཨི་ཛི་རལ། ཁེ་ན་ཌ་བཅས་རྒྱལ་ཁབ་སོ་སོས་རྒྱ་ནག་ནང་དབང་བོ་བརྗེ་ལེན་གྱི་སྨན་བཅོས་བྱེད་མི་ཆོག་པའི་ཁྲིམས་བཟོས་ཡོད་པས། དབྱིན་ཡུལ་གཞུང་གིས་ཀྱང་ཛ་དྲག་གིས་གཅིག་མཚུངས་ཀྱི་ཁྲིམས་གཞི་བཟོ་དགོས་པའི་འབོད་སྐུལ་གནང་འདུག

ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཐོག་མར་དབྱིན་ཇིའི་གྲོས་ཚོགས་ནང་འཐུས་མི་ཇེམ་ཤན་ནོན་ (Jim Shannon) ལགས་གྱིས། རྒྱ་ནག་གཞུང་གིས་ཁྲིམས་འགལ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་དབང་བོ་བརྗེ་ལེན་གྱི་སྨན་བཅོས་བྱེད་བཞིན་པ་བཀག་འགོག་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང་། གྲོས་འཆར་དེ་ལ་གྲོས་ཚོགས་འཐུས་མི་མག་ཧྥིལ་ཌི་(Mark Field) སོགས་འཐུས་མི་མང་པོས་རྒྱ་ནག་གཞུང་གི་བྱེད་སྤྱོད་དེ་ནི་མི་སྤྱོད་ལས་འདས་པ་ཞིག་ཡིན་པ་དང་།  ལོ་ཤས་རིང་ཆོས་ལུགས་དད་མོས་རྒྱུ་མཚན་དུ་བྱས་ཏེ་མིའི་དབང་བོ་རྩེད་ཆས་སུ་འཛིན་གྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་དང་སྦྲགས། རྒྱ་ནག་ནང་སྨན་བཅོས་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་གནས་སྟངས་དབྱིན་ཡུལ་ལས་སྡུག་པ་དང་ཉེན་ཁ་ཅན་ཡིན་པ་མི་མང་ལ་ངོ་སྤྲོད་གནང་གལ་ཆེ་བ་སོགས་བགྲོ་གླེང་བྱུང་ཡོད་འདུག

ཡང་གྲོས་ཚོགས་འཐུས་མི་ཧྥིའོ་ནཱ་བྷ་རོ་སི་ (Fiona Bruce)ལགས་ཀྱིས། ང་ཚོའི་གཞུང་གིས་རྒྱ་ནག་ནང་མིའི་དབང་བོ་ག་ཚད་བཏོན་ཡོད་མེད་དང་དེའི་འབྱུང་ཁུངས་ལ་རྩད་གཅོད་བྱེད་ཐུབ་པ་རེད། ང་ཚོའི་མི་སེར་རྒྱ་ནག་ནང་མིའི་དབང་བོ་བརྗེ་ལེན་བྱེད་དུ་འགྲོ་བར་བཀག་འགོག་བྱས་པ་ལ་བརྟེན་ནས་དབང་བོ་རྐུ་འཁྱེར་བྱེད་པ་ཉུང་དུ་གཏོང་ཐུབ་ཀྱི་རེད། རྒྱ་ནག་ནང་གནད་དོན་རེ་འགའ་ཙམ་མ་ཡིན་པར། བཙན་དབང་གིས་ཡུ་གུར་བ་དང་བོད་མི་སོགས་ཆོས་བྱེད་མཁན་སྡེབ་གསོད་དང་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བཞིན་པ་རེད། ཅེས་བརྗོད་འདུག

གནད་དོན་དེའི་ཐད་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱ་ནག་གཞུང་གིས་རྟག་ཏུ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་མིའི་དབང་བོ་བརྗེ་ལེན་སྨན་བཅོས་ཀྱི་རྩ་འཛིན་ཡིག་ཆ་ཁག་གི་ཐོག་ཤར་སྐྱོད་བྱེད་བཞིན་པ་དང་། ཉེ་ཆར་དེའི་ཐོག་དོ་དམ་ཤུགས་ཆེ་རུ་བཏང་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་དབུས་གཞུང་གིས་སྨན་བཅོས་ཀྱི་ཁྲིམས་བསྐྱར་བཅོས་བཏང་བའི་ནང་། དབང་བོ་ཞལ་འདེབས་སྐབས་ངེས་པར་དུ་དོ་བདག་ལ་འདོད་མོས་ཡོད་དགོས་པ་དང་རིན་མེད་ཡིན་དགོས་ཡོད་པ་རེད། ང་ཚོས་དབྱིན་ཡུལ་གྱི་མི་སེར་རྣམས་དཀྲོག་གཏམ་གྱིས་མི་བསླུ་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གཉིས་རིང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ཏུ།  དབྱིན་ཡུལ་གྱི་རྒྱ་ནག་དང་འབྲེལ་བའི་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་(independent China tribunal)ཐེངས་གཉིས་པ་དེ་འཚོག་འཆར་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་མིའི་དབང་བོ་བརྗེ་ལེན་བྱེད་ཀྱི་ཡོད་པའི་གནད་དོན་ཐད་ཞིབ་འཇུག་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ པའི་ནང་སྙན་ཐོ་ཞིག་འདོན་འཆར་ཡོད་འདུག་ལ། དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་སྐུ་ཚབ་སྐད་བཏང་ཡོད་ཀྱང་དྭང་ལེན་བྱས་མེད་འདུག

སྔར་ལོའི་ཕྱི་ཟླ་ ༡༢ ནང་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་དེས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ནང་བཙོན་པའི་དབང་བོ་བརྗེ་ལེན་གྱི་སྨན་བཅོས་ཡུན་རིང་བྱས་ཡོད་པ་མ་ཟད། གཞི་རྒྱ་ཆེན་པོའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱབ་གཉེར་བྱས་པའམ་འབྲེལ་ཡོད་སྨན་ཁང་ནས་བཙན་གྱིས་དབང་པོ་ལེན་གྱི་ཡོད་པ་དང་། དབང་པོ་བླངས་བའི་འདས་པོའི་ཁྲོད་བོད་མི་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། ཡུ་གུར་བ་དང་ཡེ་ཤུ་ཆོས་ལུགས་པ་སོགས་ཚུད་ཡོད་པ་དང་། རྒྱ་ནག་གི་སྒེར་བདག་སྨན་ཁང་རེའི་ནང་རང་འདོད་ལྟར་ཨ་སྒོར་ཁྲི་ ༡༠ སྤྲད་ན་མཆིན་པ་བརྗེ་ལེན་ཆོག་གི་ཡོད་པ་སོགས་བཀོད་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཌཱ་ཝེ་ཌི་མཱ་ཏཱ་སི་ (David Matas) དང་། རྒྱ་ནག་གི་གནད་དོན་དང་འབྲེལ་བའི་གསར་འགྱུར་ལས་རིགས་གཉེར་མཁན་ནོལ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ཨེ་ཐན་གོ་མན (Ethan Gutmann)གཉིས་ཀྱིས། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་དབང་བོ་བརྗེ་ལེན་གཤག་བཅོས་སྨན་པ། བཙོན་པ་སོགས་མི་གྲངས་བརྒྱ་ཕྲག་མང་པོར་བཅར་འདྲི་དང་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་གཞུང་འབྲེལ་སྨན་ཁང་ཁག་དང་ལག་སྤྲེལ་གྱིས་ཕྱི་ལོ་ ༢༠༠༠ ནས་ ༢༠༠༨ ལོ་བར་མིའི་དབང་བོ་བརྗེ་ལེན་ཁྲི་ ༡༠ མ་ཟིན་ཙམ་བྱས་ཡོད་པ་དང་། བཙོན་པར་སྲོག་ཁྲིམས་ལག་བསྟར་མ་བྱས་སྔོན་ལ་དབང་བོ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དབང་བོ་བརྗེ་ལེན་གྱི་སྨན་ཁང་མང་པོ་བཙུགས་ཡོད་པར་བརྟེན། བྱིས་པ་གཙོ་བོར་གྱུར་བའི་མི་རྐུ་འཁྱེར་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད།

 ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཁྲིམས་ཆད་ཕོག་པའི་བཙོན་པའི་དབང་པོ་བཏོན་ནས་སྨན་ཁང་ལ་མཁོ་སྤྲོད་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་།  འདས་ལོའི་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་དབྱིན་ཡུལ་གྱི་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་ཀྱིས་གཏམ་བཤད་ཅིག་སྤེལ་སྐབས། ཨེ་ཐན་གོ་མན་ལགས་ཀྱིས་བོད་ནང་མིའི་དབང་བོ་རྐུ་འཁྱེར་དང་བརྗེ་ལེན་བྱེད་ས་ ༥ ཡོད་པ་བསྟན་ཡོད་པ་དང་། དེ་དག་ནི་ལྷ་སའི་ཕྱོགས་སུ་གྲྭ་བཞི་བཙོན་ཁང་དང་དགུ་ཚ་བཙོན་ཁང་། ཆུ་ཤུལ་བཙོན་ཁང་། དེ་བཞིན་མཚོ་སྔོན་སློབ་ཆེན་སྨན་ཁང་ཨང་དང་པོ་ (First Affiliated Hospital of Qinghai University) དང་། གོར་མོ་དམག་དོན་བཀག་སྐྱིལ་ཁང་ (Golmu Military Detention Center) བཅས་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༢

Leave a Reply