༧གོང་ས་མཆོག་ལྡི་ལི་རུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐད་ཡིག་ ༡༢ ནང་ཡོད་པའི་སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་བཅས་ཀྱི་བསླབ་གཞི་གཏན་འབེབ་བྱུང་བ་དབུ་འབྱེད་གནང་རྒྱུ་རེད་འདུགསྐུ་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གནང་སྟེ། གྷ་གྷལ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས་སོང་བ་དང་། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༦ བར་ཉིན་གྲངས་ ༢ རིང་ཨན་དྷ་ཛི་ཧའེ་ཊི་(Andaz Hyatt Hotel)གསོལ་མགྲོན་ཁང་དུ། ཏཱ་ལའི་བླ་མའི་དགེ་རྩ་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་གནང་པའི་སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་བཅས་ཀྱི་བསླབ་གཞི་ (Social, Emotional and Ethical Learning/SEE Learning) གཏན་འབེབ་ཀྱི་ལས་གཞི་ཡོངས་སུ་གྲུབ་པའི་རྒྱལ་སྤྱི་རང་བཞིན་གྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཕེབས་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་དྲ་རྒྱའི་སྟེང་བཀོད་པའི་མཛད་འཆར་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་གསོའི་ཆེད་མཁས་པ་དང་སྐུ་ཚབ་རྣམ་པས་གསར་འགོད་གསལ་བསྒྲགས་ཤིག་བསྐྱང་འཆར་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་གྱི་དངོས་གཞིའི་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་བཅས་ཀྱི་བསླབ་གཞི་དངོས་སུ་དབུ་འབྱེད་མཛད་དེ། མཛད་སྒོའི་ཐོག་ཕེབས་པའི་ཆེད་མཁས་པ་དང་ལྷན་དུ་བཞུགས་མོལ་བགྲོ་གླེང་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་ནས་སློབ་གསོའི་ནང་བྱམས་བརྩེ་དང་རྣམ་དཔྱོད་གཉིས་མཉམ་སྒྲིལ་བྱེད་དགོས་པའི་སྐོར་ནས་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡིན་འདུག

ཐེངས་འདིའི་བསླབ་གཞི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཀེ་ལ་ཤི་སི་ཊ་ཡར་ཊི་(Kailash Stayarthi) ལགས་དང་། དེང་རབས་སེམས་ཁམས་རིག་པ་སྨྲ་བ་ཌེ་ནིལ་གྷོལ་མན་ (Daniel Goleman) ལགས། སྤྱི་ཚོགས་དང་སེམས་ཚོར་སློབ་གསོའི་ཆེད་མཁས་པ་ལིན་ཌ་ལེན་ཊེ་རི་ (Linda Lantieri) དང་ཀིམ་བྷར་ལི་སི་ཁོ་ནེར་ཊི་རེ་ཆལ་ (Kimberly Schonert-Reichl)།  དེ་བཞིན་ཕྱིའི་རྒྱལ་ཁབ་ ༣༠ ལྷག་ནས་མཁས་དབང་དང་ཚན་རིག་པ། སེམས་ཁམས་རིག་པ་བ་སོགས་འཛོམས་འཆར་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དབུ་འབྱེད་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ངོ་བསྟན་པ་ཚེ་རིང་ལགས་ལ་བསླབ་གཞི་གཏན་འབེབ་ཀྱི་བརྒྱུད་རིམ་སྐོར་བཅར་འདྲི་ཞུས་པར་ཁོང་གིས། ཕྱིའི་ཚན་རིག་དང་འཕྲུལ་རིག་ཡར་རྒྱས་ཕྱིན་པ་དང་ཆབས་གཅིག ནང་སེམས་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་སུ་སེམས་ལ་འགྱུར་བ་གཏོང་དགོས་པ་དང་། དེ་ཡོང་བར་ལོ་ན་ཆུང་དུས་ནས་བྱུང་ན་ཡག་ཤོས་ཡིན་སྟབས། སློབ་གྲྭའི་སློབ་ཚན་ནང་དུ་ཕྱི་དངོས་པོ་ཡར་རྒྱས་གཏོང་ཐབས་མ་གཏོགས་ནང་སེམས་ཡར་རྒྱར་གཏོང་བ་བསླབ་གཞིའི་ནང་གསལ་གྱི་མེད་པས། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ལ་བཀའ་མངགས་བཞིན་འདས་པའི་ལོ་ ༡༢ ཙམ་ནང་དཀའ་ལས་བརྒྱབས་ཏེ་བསླབ་གཞི་གཏན་འཁེལ་བྱུང་ནས་བཟོས་ཚར་པ་རེད། ཅེས་གསུངས་བྱུང་།

བསླབ་གཞི་དེ་སློབ་གྲྭ་གང་དུ་ལག་བསྟར་གནང་འཆར་ཡོད་དྲིས་པར་ཁོང་གིས། བསླབ་གཞི་དེ་འཛམ་གླིང་གི་སྐད་ཡིག་ ༡༢ ཙམ་གྱི་ནང་ཡོད་པ་དང་། གཏན་འབེབ་བྱུང་བའི་བསླབ་གཞི་དེ་མཛད་སྒོའི་ཐོག་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། སློབ་གྲྭ་གང་གི་ནང་སྤྱོད་ཀྱི་ཡོད་མེད་དེ་མཛད་སྒོའི་རྗེས་རིམ་པར་སློབ་གྲྭ་ཁག་གི་ནང་རྒྱ་སྐྱེད་བྱ་དགོས་པ་ཞིག་ཡིན་སྐོར་གསུངས་བྱུང་།

སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་བཅས་ཀྱི་བསླབ་གཞི་དེ་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་སེམས་ཁམས་དང་སློབ་གསོ། ཀླད་རྩ་ཚན་རིག་དང་སེམས་གཅོང་སོགས་ཀྱི་མཁས་དབང་དང་ཚན་རིག་པ་མཉམ་འཛོམས་ཀྱིས། ནང་སེམས་དང་འབྲེལ་བའི་སེམས་ནད་ཀྱི་རིགས་ལ་གོ་རྟོགས་དང་ངོས་འཛིན། ཡར་རྒྱས་གཏོང་ཐབས་བཅས་ཚུད་པའི་སྤྱི་ཚོགས་དང་སེམས་ཚོར། དེ་བཞིན་བཟང་སྤྱོད་བཅས་གོང་སྤེལ་གཏོང་ཐབས་ཀྱི་བསླབ་གཞི་ཞིག་ཡིན་འདུག་ལ། དེ་ནི་བྱིས་གཉོར་ཁང་ནས་འཛིན་རིམ་བཅུ་གཉིས་བར་གྱི་བྱིས་པ་རྣམས་ལ་དམིགས་ནས་བསྒྲིགས་པ་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

སྐུ་པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས། 

བསྐྱར་བཅོས།: ༢༠༡༩/༠༤/༠༢

Leave a Reply