རྒྱ་ནག་གི་སློབ་ཆུང་ཞིག་ནང་དམར་གསོད་དོན་རྐྱེན་བྱུང་།

རྒྱ་ནག་གི་སྔོན་འགྲོའི་སློབ་གྲྭ་ཞིག་ནང་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ་བྱིས་པ་ ༢ བསད་པ་དང་༢ ལ་རྨས་སྐྱོན་ཚབས་ཆེན་བཟོས།དེ་རིང་སྔ་དྲོར་པེ་ཅིན་གྱི་ཆུ་ཚོད་ ༧ ཙམ་ཐོག རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ (Hunan Province) ལིན་ཡན་རྫོང་ཝན་ཆན་སྔོན་འགྲོ་སློབ་གྲྭའི་ (Wanquan Elementary School) ནང་། སྐྱེས་པ་ཞིག་གིས་སློབ་ཕྲུག་ཚོར་གང་བྱུང་གྲིས་བརྒྱབས་ཏེ་སློབ་མ་ ༢ བསད་པ་དང་། སློབ་ཕྲུག་ ༢ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། དམར་གསོད་གཏོང་མཁན་དེའི་རུས་མིང་ལ་ཀྲིན་ (Zheng) དང་རང་ལོ་ ༣༡ ཡིན་པ་དང་། ཁོ་སྔོན་འགྲོ་སློབ་གྲྭ་དེ་ཡོད་སའི་བྷེ་ཇཱ་ཕིན་གྲོང་རྡལ་ (Baijiaping) ནས་ཡིན་འདུག དོན་རྐྱེན་བཟོས་མ་ཐག་ཁོ་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱུ་རྐྱེན་གང་ཡིན་སོགས་བརྗོད་མེད་པ་རེད།

ཉེ་བའི་ལོ་འགའི་ནང་རྒྱ་ནག་གི་སློབ་ཆུང་དང་མེ་འཁོར་འབབ་ཚིགས་སོགས་སུ་གྲི་ཡིས་བརྒྱབས་པའི་དོན་རྐྱེན་བསྟུད་མར་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ། མགོ་རས་ནག་པོ་གྱོན་པའི་ཕོ་མོ་བཅུ་གྲངས་ཤིག་མི་ཚོགས་ཁྲོད་དུ་རྒྱུག་ནས་གང་བྱུང་གྲིས་བརྒྱབས་ཏེ་འགྲུལ་བ་བཅུ་ཙམ་དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་རྒྱ་ནག་གཞུང་གིས་དམར་གསོད་གཏོང་མཁན་རྣམས་ཡུ་གུར་དྲག་སྤྱོད་པ་ཡིན་སྐོར་བསྒྲགས་ཡོད་ཀྱང་། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་སོགས་ཀྱིས་དེ་ནི་ཉེས་མེད་ཉེས་འགེལ་དང་འགལ་ཟླ་བཟོ་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

འདས་པའི་ལོ་འགའི་རིང་རྒྱ་ནག་ནང་བྱིས་པར་གྲིས་བརྒྱབས་པའི་གནས་ཚུལ་ཡང་ཡང་བྱུང་ཡོད་འདུག་ལ། རྒྱ་ནག་གཞུང་གི་ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་དགེ་སློབ་ ༢༥ དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ལག་དམར་བ་མང་ཆེ་བས་གཞུང་ཞབས་པ་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་བྱིས་པར་གྲིས་བརྒྱབས་ཡོད་པ་དང་། དེ་བཞིན་སེམས་ཁམས་བདེ་ཐང་མིན་པ་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༣

Leave a Reply