བཀུར་འོས་ཁྲིམས་ཞིབ་ཁང་བཅའ་ཁྲིམས་དང་འགལ་བ་མིན་ནམ།

                     __________ཁྲིམས་ལུགས་སློབ་མ་རྫ་ཆུའི་ཉི་འོད།

ཧྥ་རན་སིའི་སྲིད་དོན་སྨྲ་བ་མོན་ཊེ་སི་ཁུའུ་Montesquieu ཡིས་“སྲིད་གཞུང་ཞིག་གི་ཁྲིམས་བཟོའི་བྱེད་ལས་དང་ཁྲིམས་བཤེར་གྱི་བྱེད་ལས། ཁྲིམས་ལུགས་ལག་བསྟར་གྱི་བྱེད་ལས་གསུམ་པོའི་དབང་ཚད་གཅིག་སྡུད་བྱས་པ་ཡིན་ཚེ་སྲིད་གཞུང་དེ་ཉིད་སྒེར་གཅོད་དང་གདུག་རྩུབ་ཅན་དུ་གྱུར་ནས་ཞབས་འོག་གི་སྐྱེ་བོ་ཀུན་གྱི་རང་དབང་དང་ཐོབ་ཐང་རྡོག་རུལ་དུ་ཐེབས་ངེས་ཡིན་པར་”བཤད་དེ་དམངས་གཙོ་ཡང་དག་ཅིག་དང་། སྐྱེ་བོའི་ཐོབ་ཐང་ལ་སྲུང་སྐྱོབ་ངེས་ཅན་ཞིག་ཐོབ་ཕྱིར་དུ་དབང་ཆ་བགོ་འགྲེམ་གྱི་རྣམ་གཞག་ theory of separation of power གཏན་ལ་ཕབས། དེས་ཨ་མི་རི་ཀའི་རྩ་ཁྲིམས་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་ཤིང་རྩ་ཁྲིམས་ཀྱི་དོན་ཚན་ ༡ ནས་ ༣ བར་དམངས་གཙོའི་ཀ་བ་གསུམ་པོའི་དབང་ཆ་དང་ལས་དོན་བྱེད་ཕྱོགས་ཆ་བགོས་གསལ་པོར་བྱས་ཡོད་ཅིང་ཕན་ཚུན་གྱི་ནང་ཁུལ་ལས་དོན་ཐད་ཐེ་གཏོགས་དང་ཚོད་འཛིན་མི་ཡོང་བའི་ཕྱིར་དུ་རྩ་ཁྲིམས་ཀྱིས་ཚད་བཀག་ངེས་ཅན་ཞིག་ཀྱང་བཞག་ཡོད་པ་ཡིན། རིམ་གྱིས་དམངས་གཙོའི་རྒྱལ་ཁབ་ཕལ་མོ་ཆེའི་རྩ་ཁྲིམས་ཀྱི་གྲུབ་ཆ་གཙོ་བོ་རུ་གཞི་རྩའི་ཐོབ་ཐང་དང་འོས་འགན་དག་ཕུད་པའི་ཕལ་ཆེ་བར་ཀ་བ་གསུམ་པོའི་དབང་ཆ་དང་ལས་དོན་བྱེད་ཕྱོགས་ཀྱི་རིམ་པ་རྒྱས་པར་འཁོད་ཡོད།

དབང་ཆ་བགོ་འགྲེམ་བྱས་པ་དེས་དམངས་གཙོའི་ཀ་བ་གསུམ་དུ་འབོད་པའི་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་དབང་འཛིན། འཛིན་སྐྱོང་འགན་འཛིན་བཅས་ཀྱིས་དབང་ཆ་ལོག་སྤྱོད་དང་སྒེར་གཅོད་མི་ཡོང་བར་ཕན་ཐོགས་རླབས་ཆེན་སྒྲུབ་ཀྱིན་ཡོད་པ་མ་ཟད། དེའི་རྐྱེན་བྱས་ནས་སྐྱེ་བོའི་ཐོབ་ཐང་སྲུང་སྐྱོབ་དང་དམངས་གཙོ་རྒྱུན་གནས་དང་སྲ་བརྟན་ཡོང་བ་ལ་དོན་འབྲས་ཆེན་པོ་འབྱུང་བཞིན་ཡོད་པ་ཡིན། སྤྱིར་དབང་ཆ་བགོ་འགྲེམ་ཟེར་དུས་ཀ་བ་གསུམ་པོའི་དབར་དབང་ཚད་འདྲ་མཉམ་ཡིན་དགོས་པའི་ངེས་པ་མེད་ལ་ཀ་བ་གསུམ་པོ་ཕན་ཚུན་གྱི་བར་ཐེ་གཏོགས་རྩ་ནས་བྱེད་མི་ཆོག་པའི་དོན་དག་ཀྱང་མིན། ཀ་བ་གསུམ་པོའི་དབར་གཅིག་ལ་གཅིག་བལྟས་ check and balance ཀྱི་ལམ་ནས་ཕན་ཚུན་གྱི་དབང་ཚད་སྙོམ་སྒྲིག་བྱེད་པའི་ལམ་ལུགས་ཀྱང་རྒྱལ་ཁབ་ཚང་མས་ལག་བསྟར་བྱེད་ཀྱིན་ཡོད་པ་ཡིན།

དབང་ཆ་བགོ་འགྲེམ་བྱེད་སྟངས་ཀྱི་ཐད་དུ་དམངས་གཙོའི་རྒྱལ་ཁབ་ཚོའི་དབར་ལའང་མི་མཐུན་པའི་ཆ་མང་ཙམ་ཡོད།      དཔེར་ན་ཨིན་ཡུལ་ལྟ་བུར་མཚོན་ན་ཁྲིམས་བཟོ་དབང་འཛིན་ལ་ཀ་བ་གཞན་གཉིས་ལས་མཐོ་བའི་དབང་ཚད་ཡོད་པས་ parliamentary supremacy བླ་མེད་ཁྲིམས་བཟོ་དབང་འཛིན་གྱི་ལམ་ལུགས་ལྟ་བུ་ཡིན་ཡང་ཨ་རི་ནི་དེ་ལས་ལྡོག་ཏེ་འཛིན་སྐྱོང་འགན་འཛིན་གྱི་ཁེ་དབང་ executive privilege ཧ་ཅང་བཙན་པའི་ཁར་སྲིད་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་ལག་ལེན་དངོས་སུ་འཛིན་སྐྱོང་ལ་དབང་ཚད་ཧ་ཅང་མཐོན་པོ་ཡོད།   རྒྱ་གར་དུ་ཁྲིམས་ཀྱི་ཞིབ་བཤེར་ judicial review (འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ལ་ཁྲིམས་ཁང་ནས་ཞིབ་བཤེར་བྱེད་པའི་དབང་ཚད།) ཟེར་བ་རྩ་ཁྲིམས་ཀྱི་གཞི་རྩའི་ཐོབ་ཐང་གི་ཁོངས་སུ་ཚུད་ཡོད་པས་ཁྲིམས་ལུགས་དབང་འཛིན་ནི་རྩ་ཁྲིམས་ཀྱི་ལྟ་སྲུང་བའམ་གཞི་རྩའི་ཐོབ་ཐང་གི་ལྟ་སྲུང་བ་ཞིག་ཏུ་བརྩིས་ཡོད་ཅིང་དབང་ཚད་ཧ་ཅང་མཐོན་པོ་སྤྲད་ཡོད།

དབང་ཆ་བགོ་འགྲེམ་བྱས་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་མང་པོའི་རྩ་ཁྲིམས་སམ་ཁྲིམས་ཡིག་གཞན་དུ་ཀ་བ་གསུམ་པོའི་ནང་ཁུལ་གྱི་ལས་དོན་མི་ཉུང་བ་ཞིག་གི་སྒང་ལ་རང་འགན་རང་སྒྲུབ་བྱེད་པ་ལས་ཕུན་ཚུན་བར་ཐེ་གཏོགས་བྱེད་མི་ཆོག་པའང་བཟོས་ཡོད།       དཔེར་ན།  གནས་ཡུལ་རྒྱལ་ཁབ་རྒྱ་གར་ལྟ་བུ་ལ་མཚོན་ན་རྩ་ཁྲིམས་དོན་ཚན་ ༡༠༥ དང་ ༡༩༤ སོ་སོར་དབུས་དང་། མངའ་སྡེའི་ཁྲིམས་བཟོ་དབང་འཛིན་གྱི་ཁེ་དབང་ parliamentary privileges གི་སྐོར་འཁོད་པའི་ནང་དུ། གྲོས་ཚོགས་ཀྱི་འཐུས་མིའི་གཏམ་བརྗོད་རང་དབང་དང་གྲོས་ཚོགས་ཚོགས་དུས་སྐབས་ཀྱི་ལས་དོན་དང་འོས་ཤོག་འཕེན་ཕྱོགས་སོགས་ལ་ཁྲིམས་ཁང་གང་གིས་ཀྱང་ཐེ་གཏོགས་བྱེད་མི་ཆོག་པ་མ་ཟད།  རྩ་ཁྲིམས་དོན་ཚན་ ༡༢༢ པར་ཁྲིམས་བཟོ་དབང་འཛིན་གྱི་སྤྱི་འཐུས་དང་ལས་བྱེད་སུ་ལའང་ཁྲིམས་ཁང་གང་གིས་ཀྱང་གྲོས་ཚོགས་ཀྱི་ལས་དོན་ཅི་རིགས་སྒྲིག་གཞི་དང་མི་མཐུན་པར་བསྙད་དེ་རྩད་གཅོད་བྱེད་མི་ཆོག་པ་འཁོད་ཡོད།  མ་ཟད་ཁྲིམས་ལུགས་དབང་འཛིན་གྱི་ཁེ་དབང་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ཆད་གྲོས་ཚོགས་རང་གིས་གཏོང་ཆོག་པ་བཟོས་ཡོད།      དེ་ལྟ་བུའི་སྒྲིག་ཁྲིམས་ཀྱི་དགོས་དམིགས་གཙོ་བོ་ནི་གྲོས་ཚོགས་ནང་ཁུལ་གྱི་ལས་དོན་རྣམས་ཕྱིའི་ཤུགས་རྐྱེན་དང་བར་ཆད་མེད་པར་ཚགས་ཚུད་ངང་འགྲུབ་པའི་ཆེད་དུ་ཡིན་པ་རེད།

རང་ཅག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་ལྔ་པའི་དོན་ཚན་ ༥༨ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་སྐོར་འཁོད་པའི་ནང་གསེས་དང་པོར་“སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག”ཅེས་གསལ་ཡོད་ཅིང་། ནང་གསེས་གཉིས་པར་“ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདིའི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།” ཅེས་འཁོད་ཡོད་པ་རེད།      དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༦ པར་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་ངམ་ཁེ་དབང་འཁོད་པའི་ནང་དུ་“སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག”ཅེས་གསལ་ཡོད།

གོང་དུ་འཁོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་གཞིགས་ན་ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཚོགས་ཐེངས་བདུན་པའི་ལས་ཉིན་བཞི་པར་བཀའ་བློན་དུ་མང་མོས་ཀྱིས་འདེམས་ཐོན་བྱུང་བའི་གང་ཟག་དེའི་འོས་བསྡུའི་སྐོར་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་བྱས་པ་དང་། དེའི་ཐད་ཀྱི་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཚད་ལྡན་ཡིན་མིན་དང་སྒྲིག་གཞི་དང་འགལ་མིན་ལ་བསྙད་དེ་ངོས་བཞེས་མ་བྱས་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པར་སྣང་།

བཅའ་ཁྲིམས་དོན་ཚན་ ༤༦ པའི་ནང་གསེས་དང་པོར་ཚོགས་གཙོ་ཚོགས་གཞོན་འདེམས་པ་མཚོན་པའི་ལས་དོན་ཅི་རིགས་ཀྱི་སྒང་ལ་འོས་བསྡུ་བྱེད་པར་“སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།”(བཅའ་ཁྲིམས་ཨིན་འགྱུར་མའི་ཚིག་དོན་ལ་བལྟས་ན་ལྷག་ཏུ་གསལ) ཞེས་འཁོད་འདུག་པ་ལྟར་ན་བཅའ་ཁྲིམས་དོན་ཚན་ ༢༢ ལྟར་བཀའ་བློན་དུ་འདེམས་པར་སྤྱི་འཐུས་རྩ་འབོར་གྱི་བརྒྱ་ཆ་ ༥༠ ལས་མི་ཉུང་བ་དགོས་ཚེ། རྩ་འབོར་ ༤༣ ལས་ ༢༡.༥ ཡན་གྱིས་རྒྱབ་སྐྱོར་ཐོབ་དགོས་པ་ཡིན་ཡང་འོས་འཕེན་མཁན་སྤྱི་འཐུས་ཕྱེད་ཀ་ (༠.༥) ཞིག་ཡོང་ཐབས་མེད་པ་ཡིན་སྟབས་བཅའ་ཁྲིམས་ཀྱི་བསྟན་དོན་ལྟར་འཕྲོས་ལྷག་སྐར་ཆ་མ་བརྩིས་ཚེ་སྤྱི་འཐུས་གྲངས་ ༢༡ གྱི་རྒྱབ་སྐྱོབ་ངེས་པར་དུ་ཐོབ་དགོས་པ་ཡིན་པས་རྩ་འབོར་ནས་སྤྱི་འཐུས་ ༢༡ གིས་མང་མོས་རྒྱབ་སྐྱོར་གནང་ཞིང་ ༡༨ ཀྱིས་དགག་པ་གནང་བ། འོས་ཤོག་ ༢ སྟོང་པ་དང་ ༡ རྩིས་མེད་དུ་གྱུར་བའི་བཀའ་བློན་གྱི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན་དེ་ཉིད་བཅའ་ཁྲིམས་དང་འགལ་མེད་པར་སྣང་།

མ་གཞི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་གང་ལའང་བཀུར་འོས་ཆེས་མཐོའི་ཁྲིམས་ཁང་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་གྲོས་ཚོགས་ཀྱི་འོས་བསྡུའི་ཐག་གཅོད་སྐོར་ལ་རྩད་གཅོད་དང་ཐེ་ཇུས་གནང་རྒྱུའི་དབང་ཆའི་ཁྱབ་ཚད་ཅིག་ཀྱང་འཁོད་མེད་ལ། དེ་ལྟར་ཡོད་པའི་དབང་དུ་བཏང་ནའང་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༥ པ་གཞིར་བཟུང་གིས་བཅའ་ཁྲིམས་དང་འགལ་བའི་ཆ་དེའི་རྩ་འཛིན་རང་གར་རྩིས་མེད་དུ་འགྱུར་འགྲོ་བ་སྨོས་མེད་རེད།

གྲོས་ཚོགས་ཀྱི་སྤྱི་འཐུས་རྣམས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ civil servants ཁོངས་སུ་གཏོགས་མེད་པའི་བཅའ་ཁྲིམས་དོན་ཚན་ ༦༦ པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་གསལ་བའི་ནང་གསེས་དོན་ཚན་ཁ་པར་“བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང༌། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང༌”ཐག་གཅོད་བྱ་རྒྱུའི་དབང་ཚད་ཡོད་ཅེས་པ་ནི་འཛིན་སྐྱོང་འགན་འཛིན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ལས་བྱེད་རྣམས་ལ་གོ་དགོས་པ་ཡིན་པས་(བཅའ་ཁྲིམས་ཨིན་འགྱུར་མའི་ཚིག་དོན་ལ་བལྟས་ན་ལྷག་ཏུ་གསལ)ཐེངས་འདིའི་བཀུར་འོས་ཁྲིམས་ཞིབ་ཁང་གི་བྱ་སྤྱོད་དེ་ནི་བཅའ་ཁྲིམས་སུ་གསལ་བའི་དབང་ཆའི་ཁྱབ་ཚད་དང་བརྒལ་ཡོད་པར་སེམས།

ལར་ནས་བཀུར་འོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་ཞིང་དེར་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་འགལ་མིན་གྱི་རྩོད་རྙོག་སྐོར་ཐག་གཅོད་བྱེད་པའི་དབང་ཚད་ཡོད་ལ། ཚིག་འགྲེལ་དང་ཁྲིམས་ལུགས་གོ་དོན་འགྲེལ་བའི་དབང་ཚད་ཀྱང་ཡོད། འོན་ཀྱང་གོང་འཁོད་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གི་ཚིག་དོན་ཁ་གསལ་ཞིང་དགོས་དམིགས་མངོན་གསལ་དོད་པོ་འདུག་པས་གོ་ལོག་ཏུ་འགྲོ་རྒྱུའི་གཞི་གང་ཡང་མེད་པར་སྣང་།

བཅའ་ཁྲིམས་དང་འགལ་མིན་གྱི་རྩོད་རྙོག་ཐག་གཅོད་བྱ་རྒྱུའི་དབང་ཚད་བཀུར་འོས་ཁྲིམས་ཞིབ་ཁང་ཁོ་ན་ལ་ཡོད་པས་བཀུར་འོས་ཁྲིམས་ཞིབ་ཁང་ནི་རང་བཞིན་གྱིས་བཅའ་ཁྲིམས་ཀྱི་ལྟ་སྲུང་བ་ཉག་གཅིག་ཏུ་གྱུར་ཡོད། དེར་བརྟེན་གང་གི་མཛད་སྤྱོད་ཐ་དག་ཅིས་ཀྱང་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་ཕྲ་མོ་ཙམ་ཡང་མ་འགལ་བར་གནང་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བ་ཡིན་པ་སྨོས་མེད་རེད།

ཁྲིམས་ཀྱིས་དབང་བསྒྱུར་འོག་ཏུ་གནས་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་ཁྲིམས་ལུགས་དབང་འཛིན་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཁྲིམས་ལུགས་དབང་འཛིན་ཀྱི་ཕུང་པོ་དེ་ཉིད་ལ་རྩ་ཁྲིམས་སམ་བཅའ་ཁྲིམས་ཀྱི་རྣམ་ཤེས་ཡང་དག་ཅིག་ཞུགས་དགོས་པ་དེ་ཡིན། དེ་ལྟར་མ་བྱུང་ཚེ་ཁྲིམས་ཀྱི་སྙིང་པོ་བརླག་འགྲོ་ལ་དྲང་བདེན་མ་ཡིན་པའི་ཆར་རླུང་དྲག་ཏུ་ལྡང་ངེས་ཤིང་ཆེས་རྩ་ཆེན་དུ་ལྟ་བའི་སྐྱེ་བོའི་ཐོང་ཐང་དང་རང་དབང་དག་གི་སྲོག་ཤིང་ཡང་སྐམ་འགྲོ་བར་ངེས།     སྐབས་དེ་འདྲ་ཞིག་ཏུ་དམངས་གཙོ་ཟེར་བའང་ཐ་སྙད་ཙམ་དུ་འགྱུར་འགྲོ།

སྤྱིར་ཉེ་བའི་དུས་སུ་ཆབ་སྲིད་ཀྱི་རོལ་རྩེད་དང་ཕྱོགས་ལྷུང་འཐེན་འཁྱེར་གྱི་དབང་གིས་རང་རེའི་སྤྱི་ཚོགས་འདི་ཧ་ཅང་འཁྲུག་འཛིང་ཅན་དུ་གྱུར་སོང་།       ཆབ་སྲིད་པ་ནི་ནམ་ཡང་ཆབ་སྲིད་པ་ཡིན་པས་འཁྲབ་སྟོན་དང་རང་ཕྱོགས་འཛིན་པའི་ལས་ལ་འཇུག་པ་ནི་སྤྱི་ཚོགས་གང་དུ་ཡང་འགོག་ཏུ་མེད་པ་ཞིག་ཡིན་མོད།     འོན་ཀྱང་།     དེ་དག་གི་བྱ་སྤྱོད་ཀྱིས་སྤྱི་ཚོགས་བརྡབ་གསིག་དང་སྐྱེ་བོའི་ཐོབ་ཐང་ལ་གནོན་སྐྱོན་བཏང་ཚེ་དྲང་བདེན་གྱི་བློ་མིག་ཐོགས་ཤིང་མཐའ་གཉིས་སུ་མ་ལྷུང་བའི་ཁྲིམས་ལུགས་དབང་འཛིན་བརྟན་པོ་ཞིག་ནི་ཅིས་ཀྱང་མེད་དུ་མི་རུང་བ་ཡིན།     རྒྱ་གར་ལ་ཆ་མཚོན་ནའང་ཆབ་སྲིད་ཀྱི་འགྲན་རྩོད་དང་རྙོག་འཛིང་རྒྱུན་ཆད་མེད་པ་ཞིག་ཡོད་ཀྱང་ཁྲིམས་ཁང་གི་ངོས་ནས་ཆབ་སྲིད་པའི་བྱས་ཉེས་ཡོ་བསྲང་དང་ཐོབ་ཐང་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པ་བྱུང་ཡོད།          གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་རྐྱེན་གྱིས་རྒྱ་གར་གྱི་སྲིད་བློན་ལ་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཁང་གཉིས་ཀར་དབང་ཚད་ངེས་ཅན་ཞིག་ཡོད་པར་བརྟེན། སྔ་གཞུག་ཏུ་དབང་ཆ་ལོག་སྤྱོད་ཀྱིས་རྩ་ཁྲིམས་ཀྱི་ནང་དོན་མང་པོ་ཞིག་ལ་ལག་པ་འཆང་མྱོང་ཡོད་ཀྱང་དེ་དག་ལ་ཁྲིམས་ལུགས་དབང་འཛིན་གྱི་ངོས་ནས་གདོང་ལེན་བཙན་པོ་བྱས་ཏེ། རྒྱ་གར་གྱི་དམངས་གཙོའི་རིན་ཐང་དང་རྩ་ཁྲིམས་ཀྱི་རིན་ཐང་ཉམས་དམས་སུ་མ་སོང་བར་བརྟན་པོར་ཉར་ཚགས་ཐུབ་པ་བྱུང་ཡོད།       དེ་བཞིན་ཨ་རི་དང་ཨིན་ཡུལ་སོགས་དམངས་གཙོའི་རྒྱལ་ཁབ་གང་དུ་ཡིན་ཡང་ཁྲིམས་ལུགས་དབང་འཛིན་ནི་རྩ་ཁྲིམས་ཀྱི་ལྟ་སྲུང་བ་དང་དམངས་གཙོའི་ལྟ་སྲུང་བ།   སྐྱེ་བོའི་ཐོབ་ཐང་གི་ལྟ་སྲུང་བ་བླ་ན་མ་མཆིས་པ་དེ་ཡིན་པས་རྩ་ཁྲིམས་དང་དམངས་གཙོ།   སྐྱེ་བོའི་ཐོབ་ཐང་གི་ཕྱིར་དུ་ཁྲིམས་ལུགས་དབང་འཛིན་ནི་ནམ་ཡང་དྲང་བདེན་གྱི་ས་ནས་ཀྲོང་ངེར་འགྱིང་དགོས་པ་ཡིན།      དེ་ཉིད་ཆབ་སྲིད་ཀྱི་གཡོ་གར་ནང་དུ་ཚུད་པ་ནས་བཟུང་དམངས་གཙོའི་རིན་ཐང་ཡོད་ཚད་ཀྱང་དེ་མུར་བརླག་འགྲོ་བར་གདོན་མི་ཟ།

མདོར་དེད་ན་སྐྱེ་བོའི་གཞི་རྩའི་ཐོབ་ཐང་གིས་ཚེ་སྲོག་བྱས་ཤིང་དེང་རབས་དམངས་གཙོའི་དབང་ཆ་བགོ་འགྲེམ་གྱི་ཁྱད་ཆོས་དམིགས་བསལ་དེ་ཡིས་ཟུང་ཁྲག་བྱས་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་སམ་བཅའ་ཁྲིམས་ནི་སྲུང་སྐྱོབ་དང་ལག་བསྟར་དགོས་པ་ལས་དེ་ཉིད་མངོན་གསལ་དོད་པོར་གང་འདོད་དུ་རྩིས་མེད་དང་ལོག་སྤྱོད་བྱས་པ་ཡིན་ན་དམངས་གཙོ་ཡང་དག་ཅིག་ནི་ཉིན་མོའི་གཉིད་ལམ་རེད།     རང་ཅག་ལ་ཆ་མཚོན་ཡང་བཅའ་ཁྲིམས་རིན་པོ་ཆེའི་རིན་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་ལ་དེའི་འགན་འཁྲི་བཀུར་འོས་ཁྲིམས་ཞིབ་ཁང་ཁོ་ན་ལ་ཡོད་པ་ཡིན།        བཀུར་འོས་ཁྲིམས་ཞིབ་ཁང་གི་གཙོས་ལྷན་ཁང་ཡོངས་རྫོགས་ཀྱི་དབང་ཚད་ཀྱང་བཅའ་ཁྲིམས་རིན་པོ་ཆེས་བསྩལ་བ་ཡིན་པས་བཅའ་ཁྲིམས་རིན་པོ་ཆེ་བརྩི་མི་དགོས་པའི་ཉི་མ་དེ་ནས་བཟུང་བཀུར་འོས་ཁྲིམས་ཞིབ་ཁང་གི་བཀའ་ལ་ནུས་པ་མེད་པར་འགྱུར་འགྲོ་བ་གོར་མ་ཆག་པ་ཡིན་ནོ།།

དགག་ལན་རྩོམ་ཡིག ཁྲིམས་ལུགས་སློབ་མ་ད་དུང་བཅའ་ཁྲིམས་ལྟ་ཞིབ་དགོས་པ་མིན་ནམ།

བསྐྱར་བཅོས།: ༢༠༡༩/༠༤/༠༨

Leave a Reply

3 thoughts on “བཀུར་འོས་ཁྲིམས་ཞིབ་ཁང་བཅའ་ཁྲིམས་དང་འགལ་བ་མིན་ནམ།

  1. ༄༅། ཁྲིམས་ཞིབ་ལྷན་ཁང་ནས་ངེས་པར་བསྐྱར་ཞིབ་ཞིག་གནང་ནས་
    ཉེ་ཆར་བཀའ་བློན་གསར་འདེམས་སྐོར་ལ་ནོར་འཛོལ་བྱུང་ཡོད་མེད་ངེས་པར་གཟིགས་དགོས།
    གོང་གི་ཁྲིམས་ལུགས་སློབ་མས་རྩོམ་ཡིག་ལ་གཟིགས་དཔྱད་གནང་དགོས་འདུག།

  2. གཞུང་པ་ཚེ་དབང་བསོད་ནམའ་

    བཅའ་ཁྲིམས་དོན་ཚན་༤༦་པ་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐངས་ཟེར་བའི་དང་པོའི་
    ནང་སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ་དེའི་ཚོགས་ཆུང་གང་རུང་ནང་གྲོས་
    མོལ་གླེང་ཕྱོགས་དང་འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་
    ཞུ་གཏུགས་མི་ཆོག་ཅེས་གསལ་བ་ལས་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་གསལ་མེད་པ་
    དང་བཅའ་ཁྲིམས་དོན་༥༨་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་
    བཅའ་ཁྲིམས་ཀྱི་བཀུར་བའི་དོན་ཚན་ཞིག་ཡིན་པ་ལས་བཅའ་ཁྲིམས་རྩིས་མེད་གཏོང་རྒྱུའི་འགན་
    དབང་ཞིག་མིན་པ་དེ་ཡང་མཁྱེན་པ་གནང་དགོས།

  3. གཞུང་པ་ཚེ་དབང་བསོད་ནམའ་

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཁྲིམས་ལུགས་ཡོངས་རྫོགས་ཀྱི་རྩ་བ་ཡིན་པ་ནས་བཙན་
    བྱོལ་བོད་མིའི་བླ་སྲོག་ཡིན་པ་དང་བཅའ་ཁྲིམས་བསྐྱར་བཅོས་འགྲོ་སའི་དོན་ཚན་ཟུར་དུ་
    བཞག་ཡོད་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་གྲོས་ཚོགས་སུའི་ནོར་ཡོད་མེད་
    བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གཅིག་གི་ཀ་པའི་ནང་འཁོད་པའི་ཁྲིམས་དོན་ལས་
    ཁུང་བཙུགས་ནས་ཐག་གཅོད་དགོས་པ་མ་རེད་དམ།