ཉེ་སྔོན་གྲོས་ཚོགས་ནས་བཀའ་བློན་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་གནང་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མཐུན་གྱི་མེད་པར་ངོས་འཛིན་ཐག་གཅོད་གནང་སྟེ་གཙང་མ་མ་ཆགས་བར་དུ་ངོས་བཞེས་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ཉེ་སྔོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་ཐག་གཅོད་གསལ་བསྒྲགས་གནང་བའི་བཀའ་བློན་འོས་འདེམས་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བཀའ་དྲུང་ཡིག་ཚང་ནས་བཅའ་ཁྲིམས་དོན་ཚན་ ༢༥ པའི་དགོངས་དོན་བཞིན། གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་མཆོག་ལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༢།༡༥ ཐོག་དམ་འབུལ་མཛད་སྒོ་ཐུགས་གཏན་འཁེལ་བ་ཞིག་མཛད་ཕྱོགས་གནང་སྐྱོང་ཡོང་བའི་ཡི་གེ་འབྱོར་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་གནང་ཞིང་། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱུང་བ་གསལ་བསྒྲགས་གནང་སོང་།
གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། ཉེ་སྔོན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༧ པའི་སྟེང་། བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དང་། ལམ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོ་མཆོག་ལ་བཅའ་ཁྲིམས་དང་མཐུན་པ་བྱུང་ཡོད་མེད་ཀྱི་གསལ་འདེབས་ཞུས་ཡོད་པ་དང་། གསལ་འདེབས་དེ་ལ་ལན་བསླེབས་པ་དང་ཁྲིམས་ཞིབ་ཁང་ནས་ལན་ལ་དཔག་པའི་ངོས་འཛིན་ཐག་གཅོད་གནང་ཟིན་པ་དང་། དེའི་རྗེས་ལ་སྤྱི་འཐུས་ཚོགས་གཙོས་རེ་འདུན་ཞུས་པ་བཞིན་སྤྱི་འཐུས་ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་ཁོང་རྣམ་པས་ཁྲིམས་ཞིབ་ཁང་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་། དེ་བཞིན་བཀའ་ཤག་ཁྲིམས་ཞིབ་ཁང་དུ་བཅར་ནས་བཀའ་བསྡུར་དང་བཀའ་དྲུང་ཡིག་ཚང་ནས་དམ་འབུལ་ཞུ་སྐུལ་འབྱོར་ཡོད་ཀྱང་། ང་ཚོའི་ངོས་ནས་དམ་འབུལ་ངོས་འཛིན་ཞུ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་རེད། སྤྱིར་ན་གནད་དོན་འདི་ལྟ་བུ་སོགས་ཁྲིམས་དོན་གྱི་རིགས་ཡིན་སྟབས། གསལ་བསྒྲགས་སོགས་བྱེད་པའི་ལུགས་སྲོལ་མེད་ན་ཡང་ཐག་གཅོད་གནང་ཚར་ཡོད་པ་དང་། ཐག་གཅོད་དེ་གནང་རྗེས། སྤྱི་ཚོགས་ནང་ལ་སྐད་ཆ་མང་པོ་ཞིག་འགྲོ་བཞིན་ཡོད་དུས་གསལ་ཁ་ཡོང་ཆེད་གསར་འགོད་གསལ་བསྒྲགས་འདི་གནང་བ་ཡིན། ཞེས་གསུངས་སོང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་བློན་གྱི་འོས་གཞིར་བཅའ་ཁྲིམས་དོན་ཚན་ ༢༢ ལྟར་གྱི་བརྒྱ་ཆ་མ་ལོན་པའི་ཐག་གཅོད་ཡོངས་ཁྱབ་གསལ་བསྒྲགས་ཞེས་པ་སྒྲོག་སྦྱང་གནང་བའི་ནང་། བཀའ་བློན་གྱི་འོས་འདེམས་སྐོར་བཅའ་ཁྲིམས་དོན་ཚན་ ༢༢ པར་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་དུ་དོན་ཚན་ ༤༩(༡) ནང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་དེ་དག་དོན་གནད་ཐ་དད་དང་། མཚམས་འཛིན་ཐ་དད་ཀྱི་ཚད་བཀག་ཆ་རྐྱེན་ཡིན་སྟབས། གཅིག་གིས་གཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ། བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང༌། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་ གྲངས་ཆ་(གསུམ་ཆ་གཉིས་)ཡིན་ལ། དམའ་མཐའ་འམ་ཉུང་མཐའི་གྲངས་ཚད་རྩིས་བསྐོར་གྱི་ཆ་རྐྱེན་དུ་བཞག་པའི་གྲངས་ཆ་དང་། བརྒྱ་ཆ་གཉིས་ཨང་རྩིས་ཀྱི་འགྲོ་ལུགས་དང་། སྐབས་བབ་ལས་དོན་གང་གི་ཆ་ནས་ཀྱང་ཐ་དད་ཡིན། གལ་སྲིད་དོན་ཚན་འདི་གཉིས་ཕན་ཚུན་རིགས་བསྒྲེས་ཏེ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཐོབ་ནའང་འགྲིག་པའི་ཐག་གཅོད་གནང་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་རྡོག་རོལ་ཚབས་ཆེན་འགྲོ་ངེས་པ་མ་ཟད། འདེམས་ཐོན་གང་ཟག་དེར་གྲོས་ཚོགས་ནས་མང་མོས་ཙམ་ཡང་ཐོབ་དགོས་དོན་མེད་པའི་ཁྲིམས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟ་བུར་འགྱུར་རྒྱུ། གྲངས་ཆ་རྩིས་བསྐོར་གྱི་གནས་སྐབས་སུའང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་དོན་ཚན་ ༤༩(༡) ཡི་ཆ་རྐྱེན་དང་། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ཏུ་གསུམ་ཆ་གཉིས་ཡན་ཞེས་བཞག་ཡོད་པའི་ཆ་རྐྱེན་ གཉིས་མཉམ་བསྲེ་དང་རིགས་བསྒྲེ་བྱེད་ཐབས་མེད། ཅེས་གསུངས་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་དེའི་རྒྱུ་མཚན་ཞེས་པའི་ནང་། ཐེངས་འདིའི་བཀའ་བློན་གྱི་འོས་བསྡུ་དེ། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ (21×100÷43=48.84%)ལས་ལོན་མེད་པས། བཅའ་ཁྲིམས་ལེའུ་བཞི་པ་སྒྲིག་འཛུགས་ཀྱི་འགན་འཛིན་ཞེས་པའི་དོན་ཚན་ ༢༢ བཀའ་བློན་གྱི་འོས་འདེམས་ནང་། འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང་། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ་ཞེས་གསལ་ཡོད་པའི་དགོངས་དོན་ལ་མངོན་གསལ་གྱི་གནོད་འགལ་བྱས་ཡོད། ཅེས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང༌ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན། ཞེས་གསུངས་སོང་།
ཡང་གསལ་བསྒྲགས་ནང་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༨(༢) ནང༌། ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་པ་འདི་ནི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་བཟོའི་དབང་ཚད་ལོངས་སུ་སྤྱོད་པའི་གནས་སྐབས་ཁོ་ན་ཡིན་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་རུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་ཚབས་བཟོ་བའི་གནས་སྐབས་སམ། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་གནོད་འགལ་བྱེད་པའི་སྐབས་སུའང་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་སུ་མེད་པའི་གོ་དོན་མིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་བྱ་རྒྱུ་དེ་ཁྲིམས་ཞིབ་ཁང་གི་འདོར་དུ་མེད་པའི་ལས་འགན་ཡིན་སྟབས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་བྱས་པ་ཡིན་ཞིང་། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱས་པ་ཡིན། ཞེས་གསུངས་སོང་།གསར་འགོད་གསལ་བསྒྲགས་གྲུབ་རྗེས་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐེངས་འདིའི་བཀའ་བློན་འོས་འདེམས་དེ་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་དང་། འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་གནང་བ་དེར་དགོངས་ཚུལ་ཅི་ཡོད་སོགས་དྲིས་པར་ཁོང་གིས། སྤྱི་འཐུས་ལྷན་ཚོགས་ངོས་ནས་བརྒྱ་ཆ་བླངས་ཡོད་པར་ངོས་འཛིན་གྱིས་བཀའ་བློན་དུ་འོས་འདེམས་བྱུང་སྟེ་གཏན་འབེབ་གནང་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་བསྡུའི་སྒྲིག་གཞིའི་ནང་ག་རེ་གསལ་བ་བཞིན་བྱ་དགོས་པ་དེ་བྱས་ཡོད་ལ། དམ་འབུལ་གནང་མིན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་དུས་ག་རེ་བྱེད་མིན་ཁྲིམས་ཞིབ་ཁང་གི་ལག་ན་ཡོད་སྐོར་དང་། འོས་ཤོག་གི་བརྒྱ་ཆ་ལོངས་སྟངས་དེ་གྷོ་གྷུལ་ནས་ ༤༣ ནས་བརྒྱ་ཆ་ ༥༠ རྩིས་པ་ཡིན་ན་ ༢༡།༥ ཆགས་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་རྩད་གཅོད་མི་ཆོག་ཞེས་གསལ་ཡོད་ན་ཡང་ད་དུང་དེ་མཉམ་དུ་འགྲོ་རྒྱུ་མིན་ཞེས་ན་ག་འདྲ་ཞིག་ལབ་པ་ཡིན་ནམ། མི་ཞིག་ཁང་པའི་ནང་འཛུལ་མི་ཆོག་ཞེས་ལབ་ན་མི་དེ་ཁང་པའི་ནང་འཛུལ་སོང་ནས་ང་ཁང་པའི་ནང་དུ་འཛུལ་མེད་ཅེས་ལབ་སར་འགྲོ་བ་མ་རེད། དོན་དག་དེ་ལྟ་བུ་ཞིག་ཆགས་ཡོད་པ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་གསལ་ཡོད་དུས། ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་གནང་ཚར་བ་ཞིག་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་གསེས་དོན་ཚན་དང་པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་ལ་བཀའ་མོལ་གནང་སྟངས་འགྲིག་མ་འགྲིག་དང་འོས་འཕེན་སྟངས་འགྲིག་མིན་སོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་འཁོད་ཡོད་པ་དང་། མི་ཆོག་པ་དེ་མི་ཆོག་པ་ཡིན་པ་ལས་མི་ཆོག་ལབ་ཡོད་ན་ཡང་ད་དུང་ཡང་རྩད་གཅོད་བྱེད་ཀྱི་ཡིན་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད། ཅེས་གསུངས་བྱུང་།
ཡང་ཐེངས་འདིའི་རྙོག་གླེང་དེ་བཅའ་ཁྲིམས་གཅིག་གི་སྒང་ནས་བྱུང་གི་ཡོད་པ་ལྟར། རྙོག་གླེང་དེ་ཞི་འགྲིག་ཡོང་བར་ཐབས་ལམ་ག་འདྲ་ཡོད་མེད་སོགས་དྲིས་པར་ཁོང་གིས། གཙོ་བོ་བརྒྱ་ཆ་རྩི་སྟངས་མི་འདྲ་བའི་ཐད་ནས་བྱུང་གི་ཡོད་པ་དང་། ང་ཚོ་ཕན་ཚུན་བར་བགྲོ་གླེང་བྱུང་ཡོད་ན་ཡང་སོ་སོའི་རང་ཚུགས་མཁྲེགས་པོ་བཟུང་སྟེ་བསྡད་པ་རེད། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐག་གཅོད་བྱས་ཟིན་པ་དང་། སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་དང་འགལ་མེད་ལ། བཅའ་ཁྲིམས་དང་འགལ་ཡོད་མེད་ཟེར་བ་དེ་གང་ཟག་ཅིག་གིས་ཀ་དེ་ཁ་རེད་ཁ་དེ་ཀ་རེད་ལྟ་བུའི་རྩོད་རྙོག་བྱུང་ན། སུ་ཞིག་བདེན་པ་ཡིན་མིན་ཐག་གཅོད་བྱེད་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་ལས། གནད་དོན་འདིར་སུ་གང་གིས་རྩོད་པ་རྒྱག་གི་མེད་ན་ཡང་ཁྲིམས་ཞིབ་ཁང་གིས་དྭང་དུ་བླངས་ནས་བཟོས་པ་མ་གཏོགས་གང་ཡང་མ་རེད། ཅེས་གསུངས་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག