འདི་ལོར་ཇོ་མོ་གླང་མར་རི་འཛེགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་རྒྱུ་རེད།

འཛམ་གླིང་གི་རྒྱལ་ཁབ་ ༣༣ ཙམ་ནས་རི་འཛེགས་པ་དང་རི་འཛེགས་ལམ་སྟོན་པ་ ༤༦༩ ཙམ་བོད་ནང་སྣེ་ལེན་བྱས་ཏེ་དཔྱིན་དུས་ཀྱི་རི་འཛེགས་བྱ་འགུལ་མགོ་བཙུགས་ཡོད་སྐོར་བསྒྲགས།དེ་རིང་ནས་བཟུང་རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་སྐྱིད་རོང་འགག་སྒོ་ནས་འཛམ་གླིང་རྒྱལ་ཁབ་ ༣༣ ཙམ་གྱི་རི་འཛེགས་པ་དང་། རི་འཛེགས་ལམ་སྟོན་པ་ ༤༦༩ ཙམ་བོད་ནང་སྣེ་ལེན་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་ཀྱི་རི་འཛེགས་ཚོགས་པ་ཞེས་པ་ཞིག་གིས། འདི་ལོའི་དཔྱིད་ཀའི་བོད་ནང་གི་རི་འཛེགས་བྱ་འགུལ་མགོ་འཛུགས་ཀྱི་མཛད་སྒོ་བསྡུས་ཏེ། འདི་ལོར་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དང་། མཐོ་ཤོས་ཨང་ ༦ པ་ཇོ་བོ་དབུ་ཡ་གཉིས་ཀྱི་ཐོག་རི་འཛེགས་བྱ་འགུལ་སྤེལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ཡང་གནས་ཚུལ་དེའི་ནང་། རི་བོ་ཇོ་མོ་གླང་མས་འཛམ་གླིང་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་གི་ཡོད་པས། འདི་ལོའི་དཔྱིད་ཀར་ཕྱི་རྒྱལ་རི་འཛེགས་པ་དང་ཡུལ་སྐོར་བ་གྲངས་ ༡༤༤ དང་། བོད་དང་རྒྱ་ནག་ནང་ལོགས་ནས་རི་འཛེགས་པ་ ༡༢ ཡིས་སྟངས་འཛིན་དང་། བལ་ཡུལ་གྱི་ཤར་པ་རི་འཛེགས་སྣེ་ཤན་པ་ ༢༠༨ ཀྱིས་སྣེ་ཤན་གྱི་ལས་ཀ་བྱེད་པ་དང་། དེ་བཞིན་རི་བོ་ཇོ་བོ་དབུ་ཡ་ཐོག་རྒྱལ་སྤྱིའི་རི་འཛེགས་སྣེ་ཤན་པ་ ༢ ཚུད་པའི་ཕྱི་རྒྱལ་གྱི་རི་འཛེགས་པ་ ༡༧ དང་། བལ་ཡུལ་གྱི་ཤར་པ་རི་འཛེགས་སྣེ་ཤན་པ་ ༡༤ ཡིས་རམ་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན། བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་ས་ཁུལ་གྱི་མགོ་འཁྲིད་གཞོན་པ་ཀེ་ཆིན་མིན (Ge Qingmin)ཞེས་པ་ཞིག་གིས།  གངས་རིན་པོ་དང་མ་ཕམ་གཡུ་མཚོ་ནི་མངའ་རིས་གནམ་ཐང་ནས་སྤྱི་ལེ་ ༢༠༠ ཙམ་ཡོད་པ་དང་། གནམ་ཐང་དེས་རྒྱལ་སྤྱིའི་འགྲུལ་བར་ཞབས་ཞུ་སྒྲུབ་བཞིན་ཡོད་པས། ང་ཚོས་གནམ་ཐང་དེ་ཡར་རྒྱས་གཏོང་འདོད་ཡོད་པ་ནའང་། འཆར་གཞི་དེ་ནི་མགོ་བཙུགས་མ་ཐག་ཡིན་པ་རེད། ཅེས་བརྗོད་དེ། གཙོ་བོ་རྒྱ་གར་ཕྱོགས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་ཡུལ་སྐོར་བ་དང་གནས་མཇལ་བ་མང་པོ་ཡོང་ཐབས་སུ་མངའ་རིས་གནམ་ཐང་དེ་རྒྱལ་སྤྱི་རང་བཞིན་ཅན་གྱི་གནམ་ཐང་ཞིག་ཏུ་བསྒྱུར་འཆར་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་མའི་རྒྱུད་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༣,༨༠༠ ཙམ་ལ་སྐྱེས་དངོས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་ཡོད་པ་དང་། ལྟ་རྟོག་པ་ ༡༡༢ ཙམ་བཞག་སྟེ་སྲུང་སྐྱོབ་ས་ཁུལ་དུ་ཤིང་ནགས་གཅོད་པ་དང་ཕྱུགས་ཟོག་འཚོ་བ། རི་དྭགས་བརྔོན་པ་དང་རྩྭ་འཐུ་བ་སོགས་རྩ་བ་ནས་བྱེད་མི་ཆོག་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་དང་། རི་འཛེགས། ཚན་རིག་ཞིབ་འཇུག བཟོ་བསྐྲུན་ལས་གཞི་སོགས་སྤེལ་བར་བཀག་སྡོམ་སྔར་ལྷག་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ། རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྲིག་ཁྲིམས་གཏན་འབེབ་བྱས་པ་དེར་ལག་ལེན་དོན་འཁྱོལ་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་དུས་རྒྱུན་བོད་ནང་གི་ཁོར་ཡུག་སྐོར་ནས་བརྗོད་དུས་གནད་འགག་གསུམ་ལ་བལྟ་དགོས་ཀྱི་ཡོད། གཅིག་དེ་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ལག་ལེན་ཐོག་བསྟར་གྱི་ཡོད་མེད་དང་། གཉིས་པ་དེ་ཁོར་ཡུག་འགྲིག་ཁྲིམས་དེས་བོད་ཀྱི་ཁོར་ཡུག་ལ་དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་ཕན་གྱི་ཡོད་མེད། མཐའ་མ་དེ་ཁོར་ཡུག་གི་ཁྲིམས་དེས་ས་གནས་བོད་མི་རྣམས་ཀྱི་འཚོ་གནས་ལ་དོ་ཕོག་འགྲོ་ཡི་ཡོད་མེད་དེ་རེད། འོན་ཀྱང་ང་ཚོས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་བལྟས་ན། ད་བར་རང་གིས་གཏན་འབེབ་འགྲིག་ཁྲིམས་རྣམས་ལག་ལེན་དོན་འཁྱོལ་བྱས་མེད་པ་དང་།  གཏེར་ཁ་སྔོག་འདོན་གྱི་ལྟེ་གནས་འཁེལ་ཡོད་ན་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ས་རིས་བརྗེ་བ་ལྟ་བུ་དང་། ཡང་འགྲིག་ཁྲིམས་དེའི་རྐྱེན་གྱིས་ས་གནས་འབྲོག་པ་རྣམས་ཀྱི་རྩྭ་ས་བརླག་འགྲོ་བ། གནས་སྤོས་བྱེད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད་པ་དང་། བོད་ནང་གི་བོད་མི་ཞིག་གིས་ཁོར་ཡུག་དང་འབྲེལ་བའི་སྐོར་ནས་སྲིད་གཞུང་ལ་ཞུ་གཏུག་བྱས་ཚེ། ཁོར་ཆབ་སྲིད་ཀྱི་ཉེས་མིང་གཡོགས་ཏེ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཞེས་པ་དེས་དོན་ཚན་ ༢༢ ཅན་ཞིག་གསལ་བསྒྲགས་བྱས་པའི་ནང་། ཁོར་ཡུག་སྲུང་སྐྱོབ་བྱེད་ན་ཁྲིམས་འགལ་ཡིན་ཞེས་བཀོད་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༥

Leave a Reply

2 thoughts on “འདི་ལོར་ཇོ་མོ་གླང་མར་རི་འཛེགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་རྒྱུ་རེད།

  1. ལ་སོ་བཀའ་དྲིན་ཆེ། ད་ལྟའི་གནས་ཚུལ་ནི་རི་བོ་ཇོ་མོ་གླང་མའི་སྐོར་རེད་འདུག་འོན་ཏེ་འདྲ་པར་ནི་གངས་རིན་པོ་ཆེ་རེད་འདུག་པས། ཅི་སྟེ་དགོས་པ་རྒྱུ་མཚན་གཞན་ཡིན་ན་ལས། ཇོ་མོ་གླང་རི་དང་། གངས་རི་རིན་པོ་ཆེ་གཉིས་མ་ནོར་བ་གནང་རོག་ཞུ་ཡག་ཡིན།

  2. འདུས་བྱུང་ཕུན་ཚོགས་ཚེ་རིང་།

    ཇོ་མོ་གླང་མའི་སྐོར་ལ་གནས་ཚུལ་ཡིན་དུས། གངས་རིན་པོ་ཆེ་མཆོག་གི་སྐུ་པར་ཅིའི་ཕྱིར་མཉམ་སྦྱར་གནང་དགོས་ཡོད་ན།