གཞན་ལ་ལྟ་སྐྱོང་བྱེད་པ་ནི་དོན་ངོ་མར་རང་ཉིད་ལ་ལྟ་སྐྱོང་བྱེད་པ་རེད་ཅེས་གསུངས།

སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་དབུ་འབྱེད་དང་འབྲེལ་ཏེ་༧གོང་ས་མཆོག་གིས་ང་ཚོས་འདས་ཟིན་པའི་དུས་ལ་འགྱུར་བ་གཏོང་ཐབས་མེད་ནའང་། འབྱུང་འགྱུར་གྱི་དུས་ལ་ང་ཚོས་འགྱུར་བ་གཏོང་ཐུབ་པས་མ་འོངས་པར་བསམ་བློ་གཏོང་བའི་དུས་ལ་བབ་ཡོད་ཅེས་གསུངས་སོང་།དེ་རིང་རྒྱལ་སྤྱི་རང་བཞིན་གྱི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དབུ་འབྱེད་ཀྱི་ཚོགས་འདུ་ཉིན་གཉིས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་(Online Platform)དངོས་སུ་དབུ་འབྱེད་དང་སྦྲགས། ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་སྐུ་ཞབས་བྷི་རན་ཌན་ཨོ་ཛ་ཝ་ཌི་སིལ་ཝ་ (Dr. Brendan Ozawa-de Silva) དང་འབུམ་རམས་པ་ཏའེ་རེ་ལིན་ཧྥེ་རེ་ཛར་(Dr. Tyralynn Frazier) གཉིས་ཀྱིས། སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆའི་སྒྲོམ་གཞི་སོགས་ངོ་སྤྲོད་གནང་སོང་བ་དང་། གདན་ཞུའི་ཆེད་མཁས་པ་རྣམས་ཀྱིས་༧གོང་ས་མཆོག་དང་ལྷན་དུ་སཱི་ཤེས་ཡོན་སློབ་གསོ་དེ་ཇི་ལྟར་འཛམ་གླིང་སྤྱི་དང་བྱེ་བྲག་ས་གནས་ཁག་ཏུ་ཁྱབ་སྤེལ་གནང་གལ་ཆེ་བའི་སྐོར་ནས་བགྲོ་གླེང་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་མར་སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྦྱོང་བརྡར་གནང་ཕྱོགས་སྐོར་ལ་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབ་ཀྱི་ལག་བསྟར་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས། ང་ཚོས་སཱི་ཤེས་ཡོན་སློབ་གསོ་དེ་རྒྱལ་སྤྱིའི་ཐོག་སྤེལ་བར་དཀའ་ངལ་མི་ཉུང་བ་ཞིག་ལ་གདོང་ལེན་བྱེད་དགོས་པ་མ་ཟད། སཱི་ཤེས་ཡོན་སློབ་གསོ་གཏན་འབེབ་ཚོགས་ཆུང་ཞིག་རྒྱལ་སྤྱིའི་སྟེང་དངོས་སུ་ཆེད་སྐྱོད་ཀྱིས་ཁྱབ་སྤེལ་བྱེད་ཐུབ་ཐབས་མེད་སྟབས། ང་ཚོའི་ལམ་སྟོན་པ་དང་གྲོགས་པོ་འགའ་ཤས་ཀྱི་དགོངས་ཚུལ་ལ་གཞི་བཞག་སྟེ་དྲ་ཐོག་སྡིངས་ཆ་ཞིག་བསྐྲུན་ཐུབ་ཡོད་པ་དང་། དྲ་ཐོག་སྡིངས་ཆ་འདི་འཛམ་གླིང་ཕྱོགས་སར་ཡོད་པའི་མི་ཚང་མས་རིན་མེད་ཐོག་ནས་བཀོལ་ཆོག་པ་མ་ཟད། དེའི་ནང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་རྒྱུ་ཆ་ཚང་མ་ལ་བལྟ་ཐུབ་ཀྱི་ཡོད་པ་མ་ཟད། དྲ་ཐོག་སྡིངས་ཆ་འདི་བརྒྱུད་ནས་དགེ་རྒན་རྣམས་ལ་ཡང་སྦྱོང་བརྡར་སྤྲོད་ཐུབ་ཀྱི་ཡོད་པ་དང་། ད་ལྟའི་ཆར་སཱི་ཤེས་ཡོན་སློབ་གསོ་དེ་ཚོད་ལྟའི་རིམ་པ་བརྒྱུད་བཞིན་ཡོད་སྟབས། དྲ་ཐོག་སྡིངས་ཆ་འདིའི་ཐོག་ནས་མུ་མཐུད་ཞིབ་འཇུག་དང་འཚོལ་ཞིབ་སོགས་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་སོང་།

ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་སྐུ་ཞབས་བྷི་རན་ཌན་ཨོ་ཛ་ཝ་ཌི་སིལ་ཝ་ (Dr. Brendan Ozawa-de Silva) དང་འབུམ་རམས་པ་ཏའེ་རེ་ལིན་ཧྥེ་རེ་ཛར་(Dr. Tyralynn Frazier) གཉིས་ཀྱིས། སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་ངོ་སྤྲོད་གནང་སྐབས།  སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དེར་དོ་སྣང་སྤྲོད་མཁན་ཇེ་མང་དུ་གཏོང་བ་དང་། བསླབ་གཞི་དེ་ཉིད་མགྱོགས་པོར་ཁྱབ་སྤེལ་ཡོང་རྒྱུ། དེ་བཞིན་བསླབ་གཞི་ལག་བསྟར་བྱེད་མཁན་དག་ལ་རྒྱུན་མཐུད་རྒྱབ་སྐྱོར་དང་སློབ་སྟོན་སྤྲོད་ཐབས་བཅས་ཀྱི་ཐབས་ལམ་འཚོལ་སྒྲུབ་ཀྱི་ནང་ནས་གཅིག་ནི། སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་ཞིག་བཟོ་དགོས་པ་ལྟར། བསླབ་གཞི་གཏན་འབེབ་ཚོགས་ཆུང་ནས་ཆེད་མཁས་པའི་ལམ་སྟོན་དང་སློབ་གསོ་བ་དག་གི་བསམ་ཚུལ་རྣམས་གཅིག་ལ་སྤུངས་ཏེ། སྦྱོང་བརྡར་དང་ཉམས་མྱོང་མེད་པའི་སློབ་གསོ་བའམ་དགེ་རྒན་རྣམས་ཀྱིས་དཀའ་ཁག་མེད་པའི་ཐོག་ནས་རང་གི་སློབ་ཕྲུག་ཚོར་ལག་བསྟར་བྱེད་ཐུབ་པའི་སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་ཞིག་བསྒྲིགས་ཡོད་པ་དང་། སཱི་ཤེས་ཡོན་སློབ་གསོའི་དྲ་ཐོག་སྡིངས་ཆ་དེ་ཉིད་གཙོ་བོ་དོན་གཉེར་ཡོད་པའི་སློབ་གསོ་བའམ་དགེ་རྒན་རྣམས་ལ་སྦྱོང་བརྡར་དང་། རོགས་འདེགས། དེ་བཞིན་ཕན་ཚུན་བར་འབྲེལ་ལམ་མཐུད་རྒྱུ་བཅས་ལ་དམིགས་ཏེ་བསྐྲུན་པ་ཞིག་ཡིན་པ་དང་། དེའི་ནང་ཞུགས་འདོད་ཡོད་རིགས་རྣམས་ཀྱིས་རིན་མེད་ཐོག་ནས་ཐོ་འགོད་བྱེད་དགོས་པ་དང་། སྡིངས་ཆ་དེར་གཙོ་བོ་བསླབ་གཞི་ངོ་སྤྲོད་སོགས་པའི་ཚན་པ་ཆེན་པོ་ ༧ གྱིས་གྲུབ་པ་ཞིག་ཡིན་པ་དང་། སློབ་གསོ་བ་རྣམས་ལ་སློབ་འཁྲིད་ཀྱི་མྱོང་བ་དང་དཀའ་ངལ་སྐོར་གྱི་དྲི་བ་རིགས་ཀྱང་ཆེད་བཀོད་བྱས་ཡོད་པ་དང་། ཡང་དགེ་རྒན་སོ་སོས་དྲ་ཐོག་སྡིངས་ཆ་དེའི་ནང་སློབ་འཁྲིད་འཆར་གཞི་བསྒྲིགས་ཆོག་པ་མ་ཟད། དོགས་འདྲི་སོགས་ཡོད་ཚེ་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་སྒྲིག་མཁན་དང་སློབ་གསོ་ཆེད་མཁས་པ་དག་ལ་དྲི་བ་བསྐུལ་ཆོག་ཀྱི་ཡོད་འདུག གཞན་ཡང་དེའི་ནང་གི་སྦྱོང་བརྡར་གྱི་བརྒྱུད་རིམ་ཆ་ཚང་བསྒྲུབས་མཚམས་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་ཆ་ཚང་བ་ཕབ་ལེན་གྱིས་རང་དབང་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་གི་ཡོད་འདུག དེ་བཞིན་སློབ་གསོ་བ་དང་དགེ་རྒན་སྒེར་ངོས་ནས་དྲ་ཐོག་སྡིངས་ཆའི་ནང་ཞུགས་ཏེ་ཚོད་ལྟ་བྱེད་དགོས་པ་དང་། དེ་བཞིན་རང་གི་སློབ་ཕྲུག་ཚོར་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་འདོད་ཡོད་པའི་དགེ་རྒན་དང་སློབ་གསོ་བ་རྣམས་ཀྱིས་དུས་ཚོད་དམ་འཛིན་གྱིས་དྲ་ཐོག་སྡིངས་ཆ་འདིའི་ནང་ཞུགས་ཏེ། འཛིན་ཁང་ནང་དངོས་སུ་བཀོལ་སྤྱོད་བྱེད་དགོས་པའི་སྐུལ་འདེད་གཏོང་གི་ཡོད་སྐོར་དང་། གང་མགྱོགས་དྲ་ཐོག་སྡིངས་ཆ་འདི་སྐད་ཡིག་གཞན་གྱི་ཐོག་ལ་བསྒྱུར་བསྒྲིགས་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

དེ་བཞིན་འདས་པའི་ལོ་ངོ་ ༣༠ རིང་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་གཞོན་པའི་ཕྱག་ལས་གནང་མྱོང་བའི་འབུམ་རམས་པ་གྷེ་རི་ཧོག་(Gary Hauk) ལགས་ཀྱིས། མི་མང་པོ་ཞིག་གིས་ཕྱི་ལོ་ ༡༩༩༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ཨེ་མོ་རི་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་བསྐྱངས་པའི་དུས་སྐབས་དེ་ནི་གྲང་དམག་མཇུག་རྫོགས་པ་དང་། སྟོང་ལོ་གསར་པ་ཚེས་པའི་བར་གྱི་ཞི་བདེ་དང་བདེ་སྐྱིད་ཀྱི་དུས་སྐབས་ཤིག་ཏུ་ངོས་འཛིན་བྱས་པ་རེད། དེ་དུས་ཁོང་ནི་སྙན་གྲགས་ཆོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཐོབ་མཁན་ཞིག་རེད། ང་ལ་ཆིབས་བསྒྱུར་དེའི་སྐབས་ཀྱི་དྲན་དུ་འོས་པའི་གནས་ཚུལ་དམིགས་བསལ་བ་གཉིས་ཡོད། གཅིག་ནི་རང་ཉིད་༧གོང་ས་མཆོག་ལ་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་བོད་པའི་དགོན་སྡེ་ཁག་བར་མཉམ་འབྲེལ་གྱི་ལས་འཆར་སྤེལ་རྒྱུའི་གྲོས་མགོ་འདོན་མཁན་གྱི་ཚོགས་ཆུང་ནང་ཡོད་པ་དང་། གཉིས་པ་དེ་དུས་སྐབས་དེར་ཕྱི་ལོ་ ༡༩༨༧ ལོར་༧གོང་ས་མཆོག་ལ་ཨེ་མོ་རི་གཙུག་ལག་སློབ་ཆེན་ལ་མགྲོན་འབོད་ཐོག་མ་བྱེད་མཁན་གྱི་གྲས་སློབ་དཔོན་ཧྥེན་ཊོན་ནད་མནར་གྱི་རྐྱེན་པས་སྨན་ཁང་དུ་གྲོངས་གྲབས་ཡོད་པས་ཆིབས་བསྒྱུར་གྱི་མཛད་སྒོའི་ཐོག་བཅར་ཐུབ་མེད། དེ་དུས་༧གོང་ས་མཆོག་གིས་ཁོང་ལ་མཇལ་འཕྲད་ཞུ་ཆེད་སྨན་ཁང་དུ་ཕེབས་པ་མ་ཟད། ཁོང་ལ་ལག་འཇུ་དང་ཐུགས་སྨོན་གནང་ཡོད། སློབ་དཔོན་ཧྥེན་ཊོན་ལགས་ཀྱིས་རྗེས་མར་རང་གི་སྐུ་ཟླར་གནས་སྐབས་དེ་ནི་ཁོང་གི་མི་ཚེ་ཐུང་ཐུང་དེའི་ཁྲོད་ཀྱི་ཆེས་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག དྲན་དུ་འོས་པའི་གནས་ཚུལ་གཉིས་ཀྱིས་རེ་བ་དང་བྱམས་བརྩེའི་སྣང་བ་སྦྱིན་ཡོད། འདས་པའི་ལོ་ངོ་ ༣༠ རིང་ཨེ་མོ་རི་གཙུག་ལག་སློབ་ཆེན་ལ་འདི་ལྟ་བུའི་ལས་གཞིའི་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་པ་དེ་སྐལ་བཟང་ཞིག་ཡིན་པ་དང་། ཁོང་གིས་ང་ཚོར་ཤེས་རབ་གསར་པ་ཞིག་བསྐྲུན་རྒྱུ་དང་ཤེས་རབ་དེས་མིའི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཡར་སྐུལ་གནང་ཡོད་སྐོར་བརྗོད་སོང་།

དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཧ་ཅང་མང་པོ་ཡོང་བཞིན་པ་དེ་ཚོ་ཤེས་ཡོན་གྱི་ཐོག་ནས་སེམས་ལ་འགྱུར་བ་བཏང་སྟེ་སེལ་ཐུབ་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། སློབ་གཉེར་ཁང་དང་སྒྲིག་འཛུགས་སོགས་མང་པོས་མིའི་རྩ་བའི་རང་བཞིན་ལ་དོ་སྣང་ཇེ་ཟབ་དུ་འགྲོ་བཞིན་འདུག་པས། དེར་བསྔགས་བརྗོད་དང་ངོས་རང་སེམས་འགུལ་ཐེབས་བྱུང་། དེ་ནི་བློ་སྟོབས་སྐྱེད་འོས་པའི་རྟགས་མཚན་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་ངོས་རང་བཙན་བྱོལ་བར་གྱུར་དེ་དེང་རབས་ཀྱི་རིག་ཚན་འདྲ་མིན་གྱི་མཁས་དབང་དང་། ལྷག་པར་དུ་ཚན་རིག་པ་མང་པོར་ཐུག་པའི་གོ་སྐབས་གསར་པ་མང་པོ་ཐོབ་པ་རེད། ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཡུ་རོབ་ལ་འགྲོ་བའི་གོ་སྐབས་རག་པ་རེད། ཡུ་རོབ་ལ་མ་སོང་སྔོན་ལ་བྷི་བྷི་སིའི་གསར་འགོད་པ་ཞིག་གིས། ཡུ་རོབ་ལ་འགྲོ་བའི་ཐུགས་འདོད་དེ་འདྲ་ཆེན་པོ་ཅིའི་ཕྱིར་ཡོད་པ་རེད་ཅེས་དྲིས་བྱུང་།  ངོས་ཀྱིས་རང་ཉིད་གོ་ལའི་འདིའི་སྤྱི་དམངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལབ་པ་ཡིན། སྐབས་དེར་ཡུ་རོབ་ནང་ཕྱི་དངོས་པོའི་ཐོག་ནས་ཡར་རྒྱས་ཧ་ཅང་ཆེན་པོ་འདུག་ནའང་། མི་མང་པོར་ཐུག་འཕྲད་བྱེད་སྐབས་མཚམས་རེར་མི་རེ་འགས་ཕྱི་དངོས་པོའི་ཐོག་ནས་གྲུབ་འབྲས་ཆེན་པོ་བླངས་འདུག་ནའང་། ནང་སེམས་ལ་མ་སྐྱིད་པ་དང་གནོན་ཤུགས་ཆེན་པོ་འདུག དེ་བས་ང་ཚོས་རང་ཉིད་གཅིག་པོ་མི་བསམ་པར་གོ་ལའི་འགན་འཁྲི་ཡི་འདུ་ཤེས་དགོས་ཀྱི་འདུག་ལབ་པ་ཡིན། དོན་དངོས་སུ་གཞན་གྱི་བདེ་སྡུག་ལ་བསམ་བློ་བཏང་ཚེ་ཁེ་བཟང་ཡོད་པ་དང་། རང་ཉིད་ཁོ་ནའི་དོན་རྐྱང་ལ་བསམ་བློ་བཏང་ཚེ་སེམས་ཁྲལ་དང་བློ་འཚབ་སོགས་ཀྱིས་ཁེངས་འགྲོ་བ་རེད། འཛམ་གླིང་གི་མི་དུང་ཕྱུར་ ༧༠ སྐྱིད་པོ་བྱུང་ན་མི་སྒེར་གྱི་བདེ་བ་རང་བཞིན་གྱིས་ཆེ་རུ་འགྲོ་ཡི་རེད། དཔེར་ན་ཉིན་ལྟར་ང་ཚོས་བརྙན་འཕྲིན་ནང་ཧ་ལས་པའི་མི་སྐྱོ་བོ་དང་དཀའ་སྡུག་མྱོང་བཞིན་པ། དྲག་སྤྱོད་སྤེལ་བཞིན་པ་བཅས་མཐོང་ཚེ། རང་ཉིད་མི་ཞིག་ཡིན་པ་དང་གཞན་དེའང་མིའི་རིགས་ཤིག་ཡིན་པའི་ཆ་ནས་རང་བཞིན་ཀྱིས་མི་སྐྱིད་པ་ཡོང་གི་ཡོད་པ་རེད། ང་ཚོ་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཤིག་ཡིན་པས། རང་གི་གམ་ནས་མི་ཞིག་ལྟོགས་སྐོམ་གྱིས་མནར་བཞིན་ཡོད་ན། དེར་ཟས་མ་སྤྲད་པར་རང་ཉིད་གཅིག་པོས་ཟ་ཐུབ་ཀྱི་རེད་དམ།  སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་གཞན་ཏེ་དཔེར་ན། གླང་ཆེན་ལྟ་བུར་མཚོན་ནའང་རང་ཉིད་ཀྱི་ཁྱུ་ནས་གཅིག་འཆི་ལ་ཉེ་ཚེ། གཞན་ཚོས་སྐྱོ་བའི་ཉམས་སྟོན་གྱི་ཡོད་པ་རེད། དེ་བས་ང་ཚོ་ནི་ཕུལ་བྱུང་གི་རྣམ་དཔྱོད་ཡོད་པའི་མི་ཡིན་པ་དང་། ང་ཚོ་དང་རིགས་གཅིག་པའི་མི་མང་པོ་ཧ་ཅང་སྐྱོ་བའི་གནས་སྟངས་འོག་འཚོ་བཞིན་ཡོད་པ་རེད།  ཅེས་གསུངས་སོང་།

ཡང་ཁོང་གིས། ཉེ་ལམ་ཨ་ཧྥེ་རི་ཁའི་ས་ཕྱོགས་གཅིག་གི་ནང་ཆུ་ལོག་རྒྱུགས་པ་དང་། ས་ཆ་གཞན་ལ་ཐན་པ་ཤུགས་ཆེན་བྱུང་གི་ཡོད་པ་རེད། གོད་ཆག་འདི་ཚོ་ནི་ང་ཚོས་བསྒྱུར་ཐབས་ཡོད་པ་མ་རེད། ཡིན་ནའང་སི་རི་ཡ་དང་ཡེ་མན་སོགས་ནང་ན་གཞོན་སྟོང་ཕྲག་མང་པོ་དམག་འཁྲུག་ལ་བརྟེན་ནས་འཆི་བཞིན་ཡོད་པ་རེད། དེ་ཚོ་ནི་ང་ཚོ་མིའི་བྱས་ཉེས་ལས་བྱུང་བ་རེད་ལ། འདི་ཚོ་མཐོང་དུས་རང་ཉིད་སེམས་ལྷོད་པོ་དང་སྐྱིད་པོ་འབྱུང་མི་སྲིད་པ་ལྟ་བུ་རེད། རྒྱུ་མཚན་ནི་རང་ཉིད་དང་རིགས་གཅིག་པའི་མི་མང་པོ་ཞིག་གིས་དོན་མེད་དུ་དཀའ་སྡུག་ཧ་ཅང་ཆེན་པོ་མྱོང་བཞིན་ཡོད་པས་རེད། དེ་བས་ང་ཚོས་བློ་སེམས་སྒྲིམ་ནས་ཅི་ཞིག་ནོར་ཡོད་པ་དང་དེའི་རྒྱུ་རྐྱེན་གང་ཡིན་པ་འཚོལ་དགོས་པ་རེད། ངོས་ཀྱི་གོང་དུ་བཤད་པ་བཞིན་དེ་ནི་ང་ཚོར་གོ་ལའི་འགན་འཁྲི་ཡི་འདུ་ཤེས་མེད་པ་དང་མིའི་རིགས་གཅིག་པ་ཡིན་པའི་འདུ་ཤེས་མེད་པའི་རྐྱེན་གྱིས་ཡིན་སྟབས།  ང་ཚོར་འགྲོ་བ་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་དགོས་པ་རེད། འདུས་སྡོད་ཀྱི་སྲོག་ཆགས་ཡིན་པའི་ཆ་ནས་གཞན་གྱིས་འཛུམ་མདང་དང་སྐྱིད་སྣང་སྟོན་དུས་རང་ཉིད་སྐྱིད་པོ་ཡོང་གི་ཡོད་པ་རེད་ལ། གཞན་གྱིས་དཀའ་སྡུག་མཐོང་དུས་རང་ཉིད་ལ་མི་སྐྱིད་པ་ཡོང་གི་ཡོད་པ་རེད། དེ་བས་གཞན་ལ་ལྟ་སྐྱོང་བྱེད་པ་ནི་དོན་ངོ་མར་རང་ཉིད་ལ་ལྟ་སྐྱོང་བྱེད་པ་རེད། ད་ནི་ང་ཚོས་འདས་ཟིན་པའི་དུས་ལ་འགྱུར་བ་གཏོང་ཐབས་མེད་ནའང་། འབྱུང་འགྱུར་གྱི་དུས་ལ་ང་ཚོས་འགྱུར་བ་གཏོང་ཐུབ་པས། ང་ཚོས་མ་འོངས་པར་བསམ་བློ་གཏོང་བའི་དུས་ལ་བབས་ཡོད་པ་རེད། གལ་སྲིད་ད་ལྟའི་འགྲོ་བ་མིའི་གནས་བབ་འགྲིག་གི་ཡོད་ན་སེམས་འཚབ་བྱེད་དགོས་པ་ཡོད་པ་མ་རེད། ཡིན་ནའང་། ངོས་ཀྱིས་གོང་དུ་བརྗོད་པ་བཞིན་འགྲོ་བ་མི་རང་ཉིད་ཀྱི་བྱས་ཉེས་ལ་བརྟེན་ནས་ད་ལྟའི་གནས་བབ་ནི་ཧ་ཅང་སྡུག་ངལ་ཅན་དང་ན་ཟུག་ཅན་ཞིག་ཆགས་ཡོད་པ་རེད། མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པས་ང་ཚོར་དེ་དགོས་པ་རེད། ད་ཡོད་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་ལ་མིའི་གཞི་རྩའི་རང་བཞིན་གོང་སྤེལ་དང་ཉར་ཚགས་བྱེད་པ་སོགས་ཀྱི་ཐད་འདང་ངེས་ཤིག་མེད་པ་རེད། ད་ནི་མིའི་ནང་སེམས་ཀྱི་རིན་ཐང་དོ་སྣང་བྱས་ཏེ་སྔར་ལྷག་བདེ་སྐྱིད་ལྡན་པའི་མ་འོངས་པ་ཞིག་སྐྲུན་ཐབས་ལ་དོ་སྣང་བྱ་དགོས་པའི་དུས་ལ་བབས་ཡོད་པ་རེད། སློབ་གསོ་ནི་གལ་ཤོས་ཆགས་ཡོད་པ་རེད། ཅེས་དང་། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཧ་ཅང་མང་པོ་ཡོད་པ་རེད། དྲི་བ་ཆེན་པོ་ཞིག་ནི་དཀའ་ངལ་འདི་ཚོ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་དང་མེད་པ་དེ་རེད། དེའི་ལན་ནི་ང་ཚོས་གཏོང་ཐུབ་ཀྱི་ཡོད་པ་དེ་རེད། ང་ཚོས་ཇི་ལྟར་ཉུང་དུ་གཏོང་ཐུབ་ཀྱི་རེད་ལབ་ན་ཤེས་ཡོན་གྱི་ཐོག་ནས་ནང་སེམས་ལ་འགྱུར་བ་གཏོང་རྒྱུ་དང་། ཐོག་མར་ཤེས་ཡོན་བརྒྱུད་འཛམ་གླིང་ནང་བྱམས་བརྩེ་ཡི་འདུ་ཤེས་སྐྲུན་དགོས་པ་རེད། ཆབ་སྲིད་དང་ལྟ་གྲུབ་གཞན་གྱི་དབང་གིས་སྤྱི་ཚོགས་ནང་ཁྱད་པར་མཐོང་གི་རེད་དེ། ཁྱད་པར་ལ་བརྩི་བཀུར་གྱི་ཐོག་ནས་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་གི་ཐོག་འགྲོ་ཐུབ་དགོས་རེད། དེ་བས་དུས་རབས་འདི་དུས་རབས་ཉི་ཤུ་པ་དང་མི་འདྲ་བར་ཞི་བདེ་ཡི་དུས་རབས་ཤིག་ཏུ་འགྱུར་ཐུབ་ཀྱི་ཡོད་པ་དང་། དེ་ཡོང་ཐབས་ལ་དུས་རབས་འདི་བྱམས་བརྩེ་ཡི་དུས་རབས་ཤིག་ཡིན་དགོས་པ་རེད། ཅེས་གསུངས་སོང་།

དེའི་རྗེས་སློབ་དཔོན་ཀིམ་བྷར་ལི་སི་ཁོ་ནེཌ་རེ་ཆལ་ (Kimberly Schonert-Reichl) ལགས་ཀྱི་གཙོ་སྐྱོང་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་རྒྱ་གར་གྱི་ཕྱུག་བདག་དང་བཟོ་སྐྲུན་བསམ་བློ་བ་ཨ་ཇེ་པི་ར་མཱལ་ (Ajay Piramal) དང་ཨུ་རུ་སུའི་ཤེས་ཡོན་ཚན་རིག་མཐོ་སློབ་ཀྱི་བཟང་སྤྱོད་དང་སེམས་ཁམས་རིག་པའི་སློབ་དཔོན་རུ་བྷན་ཨ་པེ་རི་སེན་(Dr. Ruben Apressyan)། དེ་བཞིན་མཱག་སེ་ཁོ་སློབ་གཉེར་ཁང་གི་ཤེས་ཡོན་འགན་འཛིན་ལིའུ་སི་ཁེ་བྷེ་རེ་ར་ (Luis Cabrera) རྣམས་ཀྱིས། ས་གནས་དང་གོ་ལ་རང་བཞིན་ཅན་གྱི་ནང་བསམ་བློའི་རིན་ཐང་གོང་མཐོར་གྱི་སློབ་གསོ་དར་སྤེལ་ལས་སློབ་ཚན་དང་འཁྲིད་ཐབས་གཙོ་བོ། (Promoting the Education of Heart and Mind Regionally and Globally: Key Lessons and Strategies) ཞེས་པའི་ཐོག་བཞུགས་མོལ་བགྲོ་གླེང་ཚོགས་སྐབས་ཚོགས་བཅར་བ་ཞིག་གིས། བྱིས་པ་ཚོས་དེང་སྐབས་ཀྱི་འཛམ་གླིང་གི་དཀའ་རྙོག་དག་ཤེས་དགོས་རྒྱུ་དེའང་ཧ་ཅང་གལ་ཆེན་ཡིན་སྟབས། དགེ་རྒན་ཞིག་གི་ངོས་ནས་བྱིས་པའི་ན་ཚོད་ག་འདྲ་ཞིག་ལ་ངོ་སྤྲོད་ཇི་ལྟར་བྱེད་དགོས་མིན་སྐོར་དྲིས་པར་༧གོང་ས་མཆོག་གིས། བྱིས་གཉོར་ཁང་གི་སྐབས་སུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཧ་ཅང་གོ་བདེ་བོ་དང་འཛིན་གྲྭ་རིམ་འཛེགས་ཀྱིས་ཚད་མཐོ་རུ་འགྲོ་དགོས་པ་དང་། མཐོ་རིམ་སློབ་གཉེར་བྱེད་སྐབས་སེམས་དང་སེམས་མྱོང་སྐོར་ལ་སྦྱོང་བར་རྒྱུ་ཆ་ཧ་ཅང་མང་པོ་ཡོད་པ་རེད། རྒྱུ་ཆ་འདི་དག་གཙོ་ཆེ་ཤོས་རྒྱ་གར་གྱི་གནའ་བོའི་ལམ་སྲོལ་ལས་བྱུང་བ་རེད། འོན་ཀྱང་འདི་ཚོ་གོ་ལ་རང་བཞིན་ཅན་རྐྱང་རྐྱང་རེད། དེ་བས་འཛམ་གླིང་གི་ནུབ་ཕྱོགས་སུ་སློབ་ཚན་གསར་པ་ཆགས་ཡོད་པ་རེད་དེ་སྦྱོང་རིན་ཡོད་པ་ཞིག་རེད། བྱིས་པའི་ཤེས་ཚད་ལ་གཞིགས་ནས་བསླབ་དགོས་པ་རེད། སློབ་ཚན་གཞན་ལྟར་དཔེར་ན་གྲངས་རིག་སློབ་ཚན་བཞིན་བྱིས་གཉོར་ཁང་གི་དུས་སྐབས་སུ་ཧ་ཅང་གོ་བདེ་བ་དང་། དེ་ནས་རིམ་གྱིས་གཏིང་ཟབ་ཏུ་འགྲོ་ཡི་ཡོད་པ་ལྟ་བུ་རེད། སེམས་ཁམས་རིག་པ་ནི་ཧ་ཅང་གཞི་རྒྱ་ཆེ་བའི་སློབ་ཚན་ཞིག་རེད། མཚམས་རེར་ངོས་ཀྱིས་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་དེ་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པར་བསྡུར་ཚེ། ནུབ་ཕྱོགས་སེམས་ཁམས་རིག་པ་ནི་བྱིས་གཉོར་ཁང་གི་ཚད་ལྟ་བུ་ཞིག་ཡིན་ཚུལ་བཤད་ཀྱི་ཡོད། གཞི་རྒྱ་ཆེ་བའི་སེམས་ཁམས་རིག་པར་སྦྱང་བ་བྱས་རྗེས་ཚན་རིག་དང་མཐུན་པའི་གྲུབ་དོན་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད། བསླབ་གཞི་ཁོ་ནར་གཞི་བཅོལ་ནས་རྒྱ་གར་གྱི་མཁས་པ་ཚོས་དེ་དང་དེ་གསུང་གི་འདུག་ལབ་པས་མི་འཐུས་པར། རྒྱ་གར་མཁས་པས་གསུང་བའི་ཤེས་བྱ་དེ་ཚོ་སྤྱད་དེ་དེང་རབས་ཀྱི་ཚན་རིག་དང་མཉམ་དུ་སྡེབ་དགོས་པ་རེད། དེ་ནི་ཡང་དག་པའི་ཐབས་ལམ་དེ་ཡིན་པ་རེད་བསམ་གྱི་འདུག ཅེས་གསུངས་སོང་།་

ཉིན་རྒྱབ་ཀྱི་ལས་རིམ་ནང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་སྒེར་གྱི་བསམ་ཚུལ་ལ་སཱི་ཤེས་ཡོན་སློབ་གསོ་ཞེས་པ་ནི་རྒྱུན་ཤེས་(Common Sense)ཤིག་རེད། མི་ཚང་མ་བདེ་སྐྱིད་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་རྐྱང་རྐྱང་རེད། བྱིས་པ་ཞིག་ཐོག་མར་བཙས་དུས་ངུ་སྐད་སྒྲོག་གི་ཡོད། དེ་ནི་ཁོས་ཆོས་ལུགས་ཀྱི་གླེང་མོལ་རིང་མོ་ཞིག་དགོས་ཟེར་གྱི་ཡོད་པ་མ་རེད། བྱིས་པ་དེས་ཕལ་ཆེར་སཱི་ཤེས་ཡོན་སློབ་གསོ་དགོས་ཟེར་གྱི་ཡོད་པ་རེད། བྱིས་པ་དེས་ཨ་མའི་ས་ནས་བྱམས་བརྩེ་དགོས་ཟེར་གྱི་ཡོད་པ་རེད། དེ་ཡང་ལྷད་མེད་དྭངས་གཙང་གི་བྱམས་བརྩེ་ཞིག་དགོས་ཟེར་གྱི་ཡོད་པ་རེད། ང་ཚོ་འཚར་ལོངས་བྱུང་བ་དང་མཉམ་དུ་སླེབས་པའི་ཚོང་གི་བྱམས་བརྩེ་དེ་དགོས་ཟེར་གྱི་ཡོད་པ་མ་རེད། སཱི་ཤེས་ཡོན་སློབ་གསོ་དང་མྱོང་བ་གཞན་བརྒྱུད་ནས་ང་ཚོས་རིག་གཞུང་དང་ཤེས་རིག་ལྟ་བུའི་སྟོབས་ཤུགས་འཇམ་པོ་བེད་སྤྱོད་བྱེད་རྒྱུ་ལས། ༧གོང་ས་མཆོག་གི་དེ་སྔོན་གསུངས་པ་བཞིན་དུས་ཚོད་ཡོལ་ཟིན་པའི་མེ་མདའ་ལྟ་བུའི་སྟོབས་ཤུགས་མཁྲེགས་པོའི་རིགས་མཚམས་འཇོག་བྱེད་དགོས། ང་ཚོས་མེ་མདའ་སོགས་ལ་རྟེན་མཁན་གྱི་མི་དེ་ཚོར། གལ་ཏེ་ཁྱོད་ཚོས་དུས་ཚོད་ལས་ཡོལ་བའི་བྱ་འགུལ་བསྒྲུབ་འདོད་ན་སྒྲུབས་ཤོག ཁྱོད་ཚོ་རྗེས་ལུས་རེད་ཅེས་བརྗོད་དགོས། ཁྱེད་ཀྱིས་རིག་གཞུང་དང་དཔལ་ཡོན་གང་འདྲ་ཞིག་ལ་ལྟ་བ་ཡིན་ནའང་། རིག་གཞུང་དང་དཔལ་ཡོན་གང་དེའི་གྲུབ་འབྲས་དང་དར་འཕེལ་དེ་གཞི་རྩ་བཟང་སྤྱོད་ལ་ཐུག་ཡོད། དེ་བཞིན་ཁྱེད་ཀྱིས་ཆོས་ལུགས་དང་རིག་གཞུང་འདྲ་མིན་ཡོད་པའི་ཡུལ་ལུང་ཞིག་གི་ཁྲིམས་ལུགས་ལ་ལྟ་བ་ཡིན་ན།  ཁོ་ཚོའི་ཁྲིམས་ལུགས་དེ་ཐ་སྙད་འདོགས་ཚུལ་གྱི་ཁྱད་པར་ཙམ་ལས་དོན་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་གཞི་བཞག་ཡོད། ཡང་ཁྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་ལྟ་ནའང་དེ་ལྟར་རེད། དེར་བརྟེན། ང་ཚོས་ཤེས་དགོས་པ་ཞིག་ནི། ཤེས་ཡོན་སློབ་གསོ་ཞེས་པ་དེ་འབྲི་ཀློག་དང་། རྩིས་ལ་གོ་ཡི་མེད་པར་དེ་ནི་མིའི་རིགས་ཀྱི་དར་འཕེལ་དང་མི་སྒེར་གྱི་ཡར་རྒྱས་ཆེད་དུ་ཡིན་པ་དང་། དེ་ལྟ་བུའི་འཕེལ་རྒྱས་ཀྱང་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བཟང་སྤྱོད་ཀྱི་རྩ་བ་དེ་བྱམས་བརྩེ་དང་བློ་གྲོས་ལ་ཐུག་ཡོད། ཅེས་དང་། མི་མི་ཉུང་བ་ཞིག་གིས་ད་དུང་ཡང་སཱི་ཤེས་ཡོན་སློབ་གསོ་དེ་སློབ་གྲྭ་དང་མཐོ་སློབ་ཁག་ནང་མ་གཏོགས་སློབ་འཁྲིད་བྱེད་ཀྱི་མེད་པས། མི་རྒན་པ་ང་ཚོར་དེའི་ནང་ཆ་ཤས་ལེན་རྒྱུ་གང་ཡང་མེད་པ་ཞིག་བསམ་གྱི་འདུག དེ་ནི་རྦད་དེ་ནོར་འཁྲུལ་རེད།  ང་ཚོས་དེ་རིང་ནས་བཟུང་མགོ་འཛུགས་ཀྱིས་ཆུ་བེད་སྤྱོད་བྱེད་སྟངས་ནས་ཁོར་ཡུག་འབག་བཙོག་དང་། གནས་ཚུལ་བཟང་པོ་བརྒྱུད་སྤེལ་བྱེད་རྒྱུ་སོགས་བཟང་སྤྱོད་ཀྱི་སློབ་གསོ་དེ་ཉིད་ལག་བསྟར་བྱེད་དགོས། ང་ཚོ་ཚང་མས་འགྱུར་བ་ཞིག་བསྐྲུན་པར་ཆ་ཤས་ལེན་དགོས། ཞེས་དང་། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཡོད་ཚད་ང་ཚོས་ཤེས་རབ་ (Wisdom) གོང་འཕེལ་གཏོང་མ་ཐུབ་པའི་རྐྱེན་གྱིས་ཡིན། ང་ཚོས་ཤེས་རབ་གོང་འཕེལ་གཏོང་ཚད་དེ་ཕྱིའི་དངོས་པོའི་ཡར་རྒྱས་གཏོང་བའི་མྱུར་ཚད་དང་མཉམ་དུ་སྐྱོད་ཐུབ་ཀྱི་མེད་པ་རེད། ཅེས་གསུངས་སོང་།

དེའི་རྗེས་སློབ་གསོ་བ་ལྕམ་ཨེ་ལན་མི་ལར་ཀཱ་ར་སི་ (Ms. Elaine Miller-Karas) དང་། འབུམ་རམས་པ་ཀིམ་བྷར་ལི་སི་ཁོ་ནེཌ་རེ་ཆལ་ (Kimberly Schonert-Reichl)། འབུམ་རམས་པ་རོ་བྷར་ཊི་རོ་སར། (Dr. Robert Roeser) དགེ་བཤེས་བློ་བཟང་བསྟན་འཛིན་ལགས། འབུམ་རམས་པ་བྷི་རན་ཌན་ཨོ་ཛ་ཝ་ཌི་སིལ་ཝ་ (Brendan Ozawa-de Silva)ལགས་བཅས་ནས་སཱི་ཤེས་ཡོན་སློབ་གསོ་འཛམ་གླིང་ཐོག་སྤེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་། ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་བཅས་གནང་སྟེ་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་དྲ་ཐོག་སྡིངས་ཆ་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་མཇུག་གྲུབ་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༦

Leave a Reply