སོག་མཁར་བློ་གྲོས་ཀྱི་གནས་ཚུལ་དེ་རྒྱལ་ཁབ་ཀྱི་གསང་བ་ཡིན་པས་བཤད་ཆོག་གི་མ་རེད་ཟེར།

སོག་མཁར་བློ་གྲོས་ལགས་སུ་དྲང་བདེན་གྱི་ཐག་གཅོད་ཡོང་སླད་ནང་མི་ཚོས་ཁྲིམས་རྩོད་པ་སྐད་གཏོང་རྩིས་བྱས་པར་བཀག་འགོག་བྱས་པ་མ་ཟད། ཁྲིམས་ར་འཚོགས་པ་དང་ཁྲིམས་གཏུགས་ཀྱི་འགྲོ་ལུགས་གང་ཡང་མེད་པར་ཁྲིམས་ཐག་བཅད་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་གི་འབྲེལ་ཡོད་དཔོན་རིགས་ལ་བོད་ཀྱི་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་ལགས་ཀྱི་སྐོར་སྐད་ཆ་དྲིས་པར། སོག་མཁར་བློ་གྲོས་ལགས་ཀྱི་གནས་ཚུལ་རྒྱལ་ཁབ་ཀྱི་གསང་བ་ཡིན་པས་ཤེས་རྟོགས་ཡོད་པ་ཡིན་ནའང་བཤད་ཆོག་གི་མེད་སྐོར་བརྗོད་ཡོད་འདུག ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༢༨ ཉིན་སོག་མཁར་བློ་གྲོས་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ཡུན་རིང་གོ་མེད་ཚོར་མེད་དུ་གྱུར་ཡོད་ཀྱང་ཉེ་སྔོན་ཕྱི་ཟླ་ ༣ པའི་ནང་ཁོང་ལ་ལོ་ ༡༨ དང་། ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སོག་མཁར་བློ་གྲོས་ལགས་ཀྱི་ཚ་བོ་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ། སོག་མཁར་བློ་གྲོས་ལགས་ཀྱི་གནས་སྟངས་སྐོར་ཤེས་རྟོགས་ཡོད་མེད་སྐད་ཆ་དྲིས་པར་ཁོང་གིས། སྤྱིར་བཏང་ང་ཚོའི་ཕ་ཡུལ་ལ་དམ་དྲག་ཆེ་དྲགས་པའི་རྐྱེན་གྱིས་མི་སུ་གཅིག་གིས་ཀྱང་འབྲེལ་བ་བྱེད་ཕོད་ཀྱི་མི་འདུག ཡིན་ནའང་། རྒྱ་ནག་གཞུང་གིས་བློ་གྲོས་ལགས་ལ་ཕལ་ཆེར་ཕྱི་ལོ་ ༢༠༡༨ ཟླ་ ༩ པ་དང་ ༡༠ ནང་ཁྲིམས་ཐག་བཅད་ཡོད་ས་རེད།  ཁོང་གི་གནས་ཚུལ་དེ་ཕྱི་ཕྱོགས་སུ་ཤུགས་ཆེན་པོ་ཁྱབ་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་གནས་ཚུལ་བྱུང་མེད་སྐོར་སོགས་གང་ཡང་བརྗོད་མེད་ནའང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཁོང་གི་སྐོར་སྐད་ཆ་དྲིས་པར་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་ལས་བྱེད་ཅིག་གིས། ཁོང་གི་གནས་ཚུལ་དེ་རྒྱལ་ཁབ་ཀྱི་གསང་བ་རེད་ཅེས་བཤད་ཡོད་པ་རེད་ལ། ཁོང་གི་ནང་མི་ཚོས་ཁྲིམས་རྩོད་པ་གླ་ཐབས་སོགས་བྱས་ཡོད་ནའང་བཀག་འགོག་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་པ་དང་ཁྲིམས་ཐག་བཅད་པ་སོགས་དངོས་ཡོད་གནས་ཚུལ་ཡིན་ཡང་ད་ལྟ་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་པ་སོགས་ཤེས་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

བློ་གྲོས་ལགས་སུ་ཁྲིམས་ཐག་གཅོད་སྐབས་ནང་མི་སྐད་བཏང་ཡོད་མེད་དྲིས་པར་ཁོང་གིས། ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མི་ཚོར་ཡི་གེ་ཞིག་བཏང་བ་ཡིན་ན་གང་ལྟར་ཁོ་ཚོས་ཧ་གོ་བ་ལས་སྐད་བཏང་བ་དེ་འདྲ་བྱུང་ཡོད་པ་མ་རེད། ཁོང་ལ་ཁྲིམས་ཐག་གཅོད་སྐབས་ཡོངས་གྲགས་ཐོག་ཁྲིམས་ར་འཚོགས་པ་དང་ཁྲིམས་གཏུགས་བྱས་ནས་ཐག་བཅད་པ་དེ་འདྲ་བྱུང་མི་འདུག ནམ་རྒྱུན་རྒྱ་ནག་གིས་གནས་ཚུལ་དེ་འདྲའི་རིགས་ལ་ཧ་གོ་ཡི་མེད་ལབ་སྲོལ་ཡོད་པ་བཞིན། ངས་ཀྱང་ཧ་ལམ་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་དེ་བདེན་པ་མ་རེད་ཅེས་ལབ་ས་རེད་བསམ་ནའང་། ཁོ་ཚོས་རྒྱལ་ཁབ་ཀྱི་གསང་བ་ཡིན་པ་དང་ཧ་གོ་བ་ཡིན་ནའང་བཤད་ཆོག་གི་མ་རེད་ཅེས་ལབ་འདུག་པས། ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་མི་གསུམ་ལྷག་བརྒྱུད་དེ་ཤེས་རྟོགས་བྱུང་བ་དང་དངོས་ཡོད་གནས་ཚུལ་ཆགས་བསྡད་ཡོད་པ་རེད། ཅེས་དང་། ང་ཚོའི་ཕ་ཡུལ་དུ་དམ་དྲག་ཆེ་དྲགས་པའི་རྐྱེན་གྱིས་ང་ལ་དེ་ལས་ལྷག་གི་གནས་ཚུལ་རག་གི་མི་འདུག སྔོན་མ་ཡིན་ན་སྔ་དྲོར་ཅིག་བྱུང་བ་ཡིན་ན་ཕྱི་དྲོར་སྐད་ཆ་འདྲི་ས་རེ་གཉིས་ཤིག་རག་གི་ཡོད་མོད། དེང་སང་བོད་ནང་ལོགས་ནས་ནང་ལོགས་ལ་སྐད་ཆ་འདྲི་བར་དམ་དྲག་ཆེན་པོ་འདུག ཅེས་བརྗོད་བྱུང་།

སོག་མཁར་བློ་གྲོས་ལགས་སྔ་གཞུག་ཏུ་ཁྱོན་ལོ་ངོ་ག་ཚོད་ཅིག་ལ་བཙོན་འཇུག་བྱས་ཡོད་དྲིས་པར་ཁོང་གིས། ཁོང་ཐོག་མར་ཕྱི་ལོ་ ༡༩༩༢ ལོར་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད།  ཕྱི་ལོ་ ༡༩༩༥ ཟླ་ ༥ ནང་ཁོས་བཙོན་ཁང་དུ་རང་ཉིད་ལ་བཅོས་སྒྱུར་མ་བྱས་པར་ཁ་བྲལ་རིང་ལུགས་དང་སྲིད་གཞུང་མགོ་རྟིང་སློག་རྩིས་པའི་ཉེས་མིང་འོག་ལོ་ ༦ ཁ་སྣོན་བྱས་ཡོད་པ་བཅས་ཁྱོན་ལོ་ངོ་ ༢༡ རིང་བཀག་ཉར་བཙོན་འཇུག་བྱས་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢ ཉིན་བཙོན་གྲོལ་ཐོབ། ཕྱི་ལོ་ ༢༠༡༥ ལོར་གསེར་རྟ་ཁུལ་གྱི་གྲྭ་བ་ཚོར་རྒྱས་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་དེ་ཁྲིམས་དང་མཐུན་གྱི་མེད་པའི་ངོ་རྒོལ་བྱས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་སྟག་གཟུགས་ཀྱི་པགས་པ་གྱོན་དགོས་པའི་བཀའ་ཁྱབ་བཏང་བར་ངོ་རྒོལ་བྱས་པ་སོགས་ཀྱིས། སྔ་གཞུག་ཏུ་ལོ་གཉིས་རིང་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ ༡༠ པ་ཡས་མས་སུ་ལོ་༡༨ ཀྱི་ཁྲིམས་ཐག་བཅད་པ་བཅས་ཁྱོན་བསྡོམས་བཙོན་འཇུག་ལོ་ ༤༡ ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།

སྤྱི་ཡོངས་ནས་བོད་འབྲི་རུའི་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ག་འདྲ་བྱེད་ཀྱི་ཡོད་སྐོར་དྲིས་པར་ཁོང་གིས། ནམ་རྒྱུན་ཕ་གིའི་དྲ་རྒྱ་དེ་ཚོ་བཀག་བཞག་ཡོད་པ་རེད། ད་ལྟའི་ཆར་དྲ་རྒྱ་ཡོད་པ་ཙམ་ལས་ག་དུས་ཡིན་ཡང་བེད་སྤྱོད་བྱེད་ཕོད་ཀྱི་མི་འདུག གང་ཡིན་ཟེར་ན། སྔ་དྲོར་དྲ་རྒྱ་བེད་སྤྱོད་བྱས་ཏེ་སྐད་ཆ་ཞིག་བཤད་པ་ཡིན་ན་ཕྱི་དྲོར་འཇུས་འགྲོ་ཡི་ཡོད་པ་རེད། འཇུས་ཚར་བའི་རྗེས་ལ་དོ་བདག་སོ་སོ་ཙམ་མ་ཡིན་པར་ནང་མི་ཆ་ཚང་དང་སྡེ་བ་ཡོངས་ལ་ཉེས་བ་གཏོང་གི་ཡོད་པ་མ་ཟད། བུ་ཕྲུག་སློབ་གྲྭར་གཏོང་བའི་ཐོབ་ཐང་འཕྲོག་པ་དང་། ཆབ་སྲིད་ཀྱི་ལས་ཀ་བྱས་པའི་མི་ཞིག་ཡིན་ཕྱིན་བཟང་བཙོན་ལྟ་བུར་བཅུག་སྟེ་འགྲོ་འདུག་རང་དབང་ལ་བཀག་སྡོམ་དང་། ང་ཚོའི་ཕ་ཡུལ་དུ་དབྱར་རྩྭ་དགུ་འབུ་ནི་འཚོ་རྟེན་གྱི་གཞི་མ་ལྟ་བུ་ཆགས་ཡོད་ཀྱང་། དབྱར་རྩྭ་དགུ་འབུའང་བརྐོ་འཇུག་གི་ཡོད་པ་མ་རེད། དེར་བརྟེན། ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས་ཕྱོགས་ཡོངས་ནས་བཙུར་ཏེ་སྐྱོ་བོ་ཞེ་དྲག་བཟོ་ཡི་ཡོད་པའི་གནས་སྟངས་འོག ཁོ་ཚོས་སྐད་ཆ་བཤད་ཕོད་ཀྱི་ཡོད་པ་མ་རེད། ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་གསུམ་ལ་རྒྱ་གཞུང་གིས་རྒྱུན་དུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་རེད། ཤར་ཕྱོགས་རྫོང་ཁག་གསུམ་ནི་སྦྲ་ཆེན་རྫོང་དང། སོག་རྫོང་། འབྲི་རུ་རྫོང་གསུམ་ལ་སྦྲ་སོག་འབྲི་གསུམ་ཟེེར་གྱི་ཡོད་རེད། སོག་རྫོང་དང་འབྲི་རུ་རྫོང་ལ་སྔོན་མ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་བརྒྱུད་མཉམ་དུ་སྦྲ་ཆེན་རྫོང་ལའང་དམ་དྲག་བྱེད་ཀྱིན་ཡོད་པ་རེད། ཅེས་བརྗོད་བྱུང་།

བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༨ ཙམ་ཡིན་པ་དང་། ཁོང་ལ་ནང་མི་སྲིང་མོ་ ༥ དང་གཅུང་པོ་གཅིག ཨ་མ་བཅས་ཡོད་འདུག་ལ། ཁོང་གི་བཟའ་ཟླ་དགའ་སྐྱིད་ལ་འདི་ལོར་ཁོང་གི་ཞི་རྒོལ་ལས་འགུལ་བརྙན་ལམ་དུ་ཕབ་པའི་ཉེས་མིང་འོག་ལོ་ ༢ རིང་བཙོན་འཇུག་ཁྲིམས་བཅད། ཁོང་བཟའ་ཚང་གཉིས་ལ་བྱིས་པ་གཅིག་ཡོད་པ་དེ་ནད་གཞི་ལྕི་མོ་ཞིག་གི་རྐྱེན་པས་འདས་གྲོངས་དང་། ཁོང་གི་པ་ལགས་སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ཆུང་ཆུང་ཡིན་དུས་པ་ལགས་ཀྱི་མདུན་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོག གཟུགས་པོ་བདེ་པོ་ཡོད་པས་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པའི་ནང་ཞུགས་ཡོད་པ་དང་། དེ་སྔོན་ནག་ཆུ་ས་ཁུལ་གྱི་ཤེད་རྡོ་འགྱོག་པའི་འགྲན་སྡུར་ནང་ཁོང་གིས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ལ་བླངས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༠༨

Leave a Reply