བསྟན་འཛིན་འཆི་མེད་ནུ་བ་ལགས་དང་ལྷན་དུ་གླེང་མོལ།

 སྐལ་ལྡན་གྱིས་བོད་སྒྱུར་བྱས།

བོད་ཀྱི་བརྙན་འཕྲིན་གྱི་དབྱིན་སྐད་ཚན་པས་བསྟན་འཛིན་འཆི་མེད་ནུ་བ་ལགས་ལ་ལོ་ངོ་༢༩དགེ་རྒན་གྱི་ཕྱག་ལས་གནང་བའི་ཉམས་མྱོང་སྐོར་བཅར་འདྲི་ཞུས་པ་ཕབ་སྒྱུར་ཞུས། བསྟན་འཛིན་འཆི་མེད་ནུ་བ་ལགས་ཀྱིས་རྒྱ་གར་ནང་ལོ་༡༢དང་ཨ་རིར་ལོ་༡༧བཅས་ཁྱོན་ལོ་ངོ་༢༩རིང་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ཉེ་ཆར་སྐོང་འཚོགས་གནང་བའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་དགེ་རྒན་ཆེད་ལས་ཀྱི་སྐོར་གཏམ་བཤད་གནང་ཡོད།

 དྲི་བ།     འཆི་མེད་ལགས། ང་ཚོའི་ལེ་ཚན་ཐོག་ཕེབས་པར་འཚམས་འདྲི་ཞུ།

ལན།      ཐུགས་རྗེ་ཆེ།

དྲི་བ།     སྐུ་ཉིད་ཀྱིས་ཤེས་ཡོན་གྱི་ར་བར་ལོ་མང་ཕྱག་ལས་གནང་བར་བརྟེན། ཤེས་ཡོན་དང་འབྲེལ་བའི་ཐུགས་མྱོང་ཡག་ཤོས་དེ་ག་རེ་ཡིན་ང་ཚོར་གསུང་རོགས་གནང་།

ལན།      ཉམས་མྱོང་མང་པོ་ཡོད། ཉམས་མྱོང་ལེགས་པོ་དང་བཟང་ཕྱོགས་ཀྱི་མྱོང་བ་ཞེ་དྲགས་མང་པོ་ཡོད། རང་ཉིད་ཀྱི་སློབ་ཚན་གྱི་དམིགས་རྟེན་གཙོ་བོ་དང་མཐུན་པར་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་བཟང་པོ་བྱུང་ན། ང་ཙམ་མ་ཡིན་པར་དགེ་རྒན་ཚང་མ་འདོད་པ་ཁེངས་པ་ཡོང་གི་རེད། དེ་ནི་མྱོང་ཚོར་ལེགས་ཤོས་དེ་ཡིན།

དྲི་བ།     སྤུས་ཚད་ལྡན་པའི་ཤེས་ཡོན་ནམ་ཤེས་ཡོན་ལེགས་པོའི་མཚན་ཉིད་འདི་རེད་ཅེས་བརྗོད་རྒྱུ་མེད་ཀྱང་། བསླབ་ཡུལ་ལ་གཞི་བཅོལ་ན་སྐུ་ཉིད་ཀྱིས་སྤུས་ཚད་ལྡན་པའི་ཤེས་ཡོན་ཞེས་པ་ཇི་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

ལན།      ཨ་རི་དང་དམིགས་བསལ་ངས་སློབ་ཁྲིད་བྱ་ཡུལ་ལོ་སི་ཨན་ཇ་ལི་སི་(Losangeles)སློབ་གྲྭའི་ནང་ཤེས་ཡོན་ཞེས་པའི་གོ་དོན་གང་ཡིན་གསལ་པོ་ཡོད། དེ་ནི་སློབ་ཕྲུག་རྣམས་མཐོ་རིམ་སློབ་གྲྭར་འགྲོ་བའི་སྟ་གོན་ལེགས་པོ་བྱེད་རྒྱུ་དང་། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་མི་སྣ་ཞིག་གྲ་སྒྲིག་བྱེད་རྒྱུ་དེ་རེད། ངའི་བསམ་པར་ཤེས་ཡོན་གྱི་གོ་དོན་དུས་ཚོད་དང་སྟབས་བསྟུན་རྟག་ཏུ་འགྱུར་ལྡོག་འགྲོ་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་གྱི་དགོས་མཁོ་དང་། ཤེས་ཡོན་དམིགས་ཚད། ཤེས་ཡོན་གྱི་བྱེད་ལས། ཤེས་ཡོན་གྱི་ཁྱད་ཆོས་བཅས་ནི་ཤེས་ཡོན་གྱི་མཚན་ཉིད་ཚང་བར་བྱེད་པའི་གྲུབ་ཆ་ཆགས་བསྡད་ཡོད།

དྲི་བ།     སྐུ་ཉིད་ཀྱིས་ད་ལྟ་ཤེས་ཡོན་གྱི་དགོས་དམིགས་དང་གོ་དོན་དུས་ཚོད་དང་སྟབས་བསྟུན་དགོས་ཚུལ་གསུངས་པ་ལྟར་དཔེ་མཚོན་ཞིག་གསུང་རོགས་གནང་།

ལན།      ཕྱི་ལོ་༡༩༦༠ནང་ང་གཞི་རིམ་སློབ་གྲྭ་དང་མཐོ་སློབ་འགྲིམས་པའི་སྐབས། ཤེས་ཡོན་གྱི་དགོས་དམིགས་གང་ཡིན་དང་སློབ་གྲྭར་ཡོང་བའི་དམིགས་ཡུལ་གང་ཡིན་ངོ་སྤྲོད་དང་སློབ་སྟོན་གནང་བ་ཞིག་རྩ་བ་ནས་དྲན་གསོས་ཀྱི་མི་འདུག སྐབས་དེར་ངས་ཧ་གོ་བ་དང་ཤེས་ཐུབ་པ་ནི་ཡིག་རྒྱུགས་ལོན་ཐུབ་པ་བྱེད་རྒྱུ་དེ་རེད། དེ་ནི་རྩ་བའི་དམིགས་ཡུལ་དེ་རེད།

དྲི་བ།     སྐབས་དེར་སྐུ་ཉིད་ལ་མངོན་འདོད་གང་ཡང་མེད་དམ།

ལན།      རང་ཉིད་སྒེར་ལ་མཚོན་ན་འཛིན་གྲྭ་དགུ་པའི་སྐབས་ནས་གང་ཞིག་བྱེད་འདོད་པ་གསལ་པོ་ཡོད། དགེ་རྒན་ཞིག་བྱེད་འདོད་ཡོད་པ་དེ་རེད། གཞི་རིམ་སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་དབྱིན་ཡིག་རྒན་ལགས་ཀྱིས་ང་ལ་ཤུགས་རྐྱེན་ཆེན་པོ་སྤྲད་གནང་བྱུང་། བྱས་ཙང་ངས་གསར་འགོད་ལས་རིགས་བྱེད་འདོད་ཀྱི་བསམ་བློ་ཡང་འཁོར་བ་རེད། དེ་ལྟར་བློ་རྩེ་གཉིས་ཆགས་པ་དང་། གཞི་རིམ་སློབ་གྲྭ་ཐོན་ནས་མཐོ་སློབ་ཏུ་མ་འགྲོ་གོང་གི་བར་གསེང་སྐབས་སླར་ཡང་བློ་ཁ་འགྱུར་བ་རེད། འོན་ཀྱང་དགེ་རྒན་བྱེད་འདོད་ཀྱི་བསམ་པ་དེ་ཤུགས་ཆེ་བ་དང་བརྟན་པ་ཡོད། དེར་བརྟེན་ངས་དམིགས་ཡུལ་དེ་རྒྱུན་སྐྱོང་བྱས་པ་ཡིན།

དྲི་བ།     བྱས་ན་གཞི་རྩའི་ཆ་ནས་སྐུ་ཉིད་དགེ་རྒན་གནང་རྒྱུའི་ཐུགས་འདུན་དེ་དབྱིན་ཇིའི་རྒན་ལགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འདྲ།

ལན།      རེད། དེ་རང་རེད།

དྲི་བ།     ཤེས་ཡོན་གྱི་དགོས་དམིགས་གང་ཡིན་མི་ཚང་མར་གཅིག་མཚུངས་མ་རེད། སྐུ་ཉིད་ཀྱི་ངོས་ནས་ཤེས་ཡོན་གྱི་དགོས་དམིགས་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

ལན།      ཤེས་ཡོན་ཟེར་བ་དེ་རྟག་ཏུ་འདྲ་མཉམ་བཟོ་མཁན་(Equalizer)གཙོ་བོ་དེ་ཡིན་དགོས།

དྲི་བ།     དེའི་དོན་གང་ཡིན་ནམ།

ལན།      འགྲོ་བ་མིའི་སྤྱི་ཚོགས་ནང་སྡེ་ཁག་དང་ཤོག་ཁག་མི་འདྲ་བ་མང་པོ་ཡོད་པ་རེད། འགའ་ཤིག་ཕྱུག་པོ་དང་འགའ་ཞིག་སྐྱོ་བོ། འགའ་ཞིག་ཤེས་ཡོན་ཚད་མཐོ་བོ་དང་འགའ་ཞིག་དམའ་བོ་སོགས་ཡོད། གལ་ཏེ་འདྲ་མཉམ་གྱི་གོ་སྐབས་བསྐྲུན་དགོས་ན་ཤེས་ཡོན་ནི་མེད་དུ་མི་རུང་བ་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་དུས་རྟག་ཏུ་ཤེས་ཡོན་ནི་འདྲ་མཉམ་བཟོ་མཁན་དེ་རེད་ཅེས་བརྗོད་ཀྱི་ཡོད།

དྲི་བ།     ཕུལ་བྱུང་གི་དགེ་རྒན་ཞིག་ལ་ཁྱད་ཆོས་གང་ཚང་དགོས་དགོངས་ཀྱི་འདུག

ལན།      མང་པོ་དགོས་ཀྱི་རེད། ཐོག་མར་དགེ་རྒན་དེ་རང་ཉིད་ཀྱི་བསླབ་གཞིར་བྱང་ཆུབ་པ་ཞིག་དགོས། གཉིས་པ་དེར་རང་ཉིད་ཀྱི་སློབ་ཕྲུག་ལ་བྱམས་བརྩེ་དང་གཞན་ཚོར་རྟོགས་ནུས་ལྡན་པ་དགོས། དེ་ནི་དགེ་རྒན་བཟང་པོ་ཞིག་གི་གཞི་རྩའི་ཡོན་ཏན་དེ་རེད། དགེ་རྒན་གྱི་ལས་དོན་ཟླ་ཤས་སམ་ལོ་ཤས་རིང་མ་ཡིན་པར་ལོ་ནས་ལོ་མཐུད་དེ་བྱེད་རྒྱུ་ལས་སླ་པོ་མ་རེད། དཀའ་ཚེགས་མང་པོར་གདོང་ལེན་བྱེད་དགོས་པ་རེད། ལམ་བུ་འབར་འབུར་གྱིས་ཁེངས་བསྡད་ཡོད་པ་རེད། རང་རྒྱུད་ཀྱི་བཟོད་བསྲན་དང་། འཇོན་ཐང་། གཞུང་ལུགས་སོགས་གང་ཅིར་ཉམས་ཚོད་དང་རྒྱུགས་སྤྲོད་བྱེད་དགོས་པ་རེད། གལ་ཏེ་རང་ཉིད་ལ་ཡིད་རྟོན་དང་བློས་འགེལ་བྱེད་ས་མཁྲེགས་པོ་ཞིག་མེད་ན་ཁུངས་འཁྱོལ་ཐབས་མེད་པ་རེད། ངས་དགེ་རྒན་གསར་པ་མང་པོ་ཁུངས་མ་འཁྱོལ་བ་མཐོང་མྱོང་ཡོད། དེ་འདྲ་སོང་ཙང་བྱམས་བརྩེའི་ནུས་པ་དང་རིན་ཐང་ལ་ཡིད་ཆེས་བྱེད་རྒྱུ་ནི་གཞི་རྩར་འཛིན་དགོས་པ་རེད་བསམ་གྱི་འདུག

དྲི་བ།     དགེ་རྒན་ལ་གཞན་ཚོར་རྟོགས་ནུས་ལྡན་པ(Empathy)དགོས་པ་རེད་གསུངས་དོན་གང་ཡིན་ནམ།

ལན།      དེ་ནི་ཤེས་ཡོན་གྱི་སེམས་ཁམས་རིག་པར་གཞི་བཞག་སྟེ་བཤད་པ་ཞིག་ཡིན། དགེ་རྒན་ཚོས་རྒྱུན་གཏན་རང་ཉིད་ཀྱི་སློབ་ཕྲུག་གི་བསམ་བློའི་གནས་ཚད་ལྟར་མར་བབ་ཐུབ་ཀྱི་མེད་པ་རེད། གཞན་ཚོར་རྟོགས་ནུས་ཟེར་བ་དེ་གཞན་དང་འདྲ་མཉམ་ཚོར་ཐུབ་པ་བྱེད་ཐུབ་པར་གོ་དགོས་པ་ཡིན།

དྲི་བ།     དེང་སྐབས་ང་ཚོའི་ཤེས་ཡོན་ལམ་ལུགས་ཀྱི་དཀའ་ཚེགས་སམ་ཞན་ཆ་གང་རེད་དགོངས་ཀྱི་འདུག་གམ། དཀའ་ངལ་དེ་དག་ཇི་ལྟར་སེལ་ཐབས་བྱེད་དགོས་པ་ཡིན་ནམ།

ལན།      ང་ཚོར་དཀའ་ངལ་མང་པོ་ཡོད། ཉེ་ཆར་སྐོང་འཚོགས་བྱས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་ངས་ཅུང་ཟད་ཤེས་རྟོགས་བྱུང་བ་ནི། སློབ་གྲྭར་སློབ་འཇུག་བྱེད་མཁན་ཕྲུ་གུ་ཉུང་དུ་ཉུང་དུ་འགྲོ་གི་ཡོད་པ་དེ་རེད། དེ་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱེད་ཆོག  དུས་ཚོད་འགྱུར་རིམ་བཞིན་དཀའ་ངལ་ཡོད་ཡོད་པ་རེད། འོན་ཀྱང་དཀའ་ངལ་དེ་དག་རྟག་ཏུ་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་རྒྱུ་གལ་ཆེའི་ནང་གི་གལ་ཆེ་རེད།

དྲི་བ།     སྒྲིག་འཛུགས་ཀྱི་ངོས་ནས་དཀའ་ངལ་དེ་དག་ཇི་ལྟར་སེལ་ཐབས་བྱེད་དགོས་པ་ཡིན་ནམ།

ལན།      ཤེས་ཡོན་གྱི་ལམ་ལུགས་དེ་ངེས་པར་དུ་དུས་ཀྱི་འགྱུར་འགྲོས་དང་། དགོས་མཁོ། མངོན་འདོད། སློབ་ཕྲུག་གི་འདོད་མོས་སོགས་དང་སྟབས་བསྟུན་ཐུབ་དགོས་པ་རེད། དེར་བརྟེན་ཡུལ་ལུང་དང་། ཚོགས་སྡེ། དགེ་རྒན། སློབ་གྲྭའི་ལམ་སྲོལ། ཤེས་ཡོན་སྲིད་བྱུས་སོགས་ཕན་ཚུན་མི་འདྲ་བས་དེ་དག་དུས་ཀྱི་འཕོ་འགྱུར་དང་སྟབས་བསྟུན་ཐུབ་པ་དགོས།

དྲི་བ།     སྐུ་ཉིད་ཉེ་ཆར་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པར་ཚོགས་བཅར་གནང་བ་རེད། ཚོགས་ཆེན་འདི་ལྟ་བུས་ཤེས་ཡོན་ཡར་རྒྱས་གཏོང་བར་ཕན་ནུས་གང་འདྲ་འདུག་དགོངས་ཀྱི་འདུག་གམ།

ལན།      ཕྱི་ལོ་༡༩༨༠ནང་ང་འདིར་དགེ་རྒན་བྱེད་སྐབས་ཤེས་རིག་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་པའི་གོ་སྐབས་ཐོབ་བྱུང་། ཐེངས་འདིར་ཡང་གོ་སྐབས་བྱུང་བ་རེད། ཚོགས་འདུ་འདི་རིགས་དགེ་རྒན་རྣམས་ལ་གང་ཅིའི་ཐད་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་རེད། དང་ཐོག་དེར་དགེ་རྒན་རྣམས་མཉམ་གཤིབ་བྱེད་པའི་གོ་སྐབས་ཤིག་བྱུང་བ་རེད། སྔར་དང་མི་འདྲ་བར་ཚོགས་བཅར་བ་རྣམས་སྡེ་ཚན་ཁག་བགོས་ཀྱིས་སྐབས་སུ་བབ་པའི་གནད་དོན་ཐོག་གོ་བསྡུར་བྱེད་པ་དང་། དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་བ།  དགེ་རྒན་སོ་སོའི་དཀའ་ཚེགས་སྐོར་གླེང་སློང་བྱེད་པ། ལེགས་བྱ་སྤེལ་རེས་བྱེད་པ་སོགས་མདོར་ན། ཚོགས་ཆེན་འདི་ལྟ་བུས་འབྱུང་འགྱུར་གྱི་ཁ་ཕྱོགས་སྟོན་ཐུབ་པ་ཡོང་གི་རེད་ལ། ཤེས་ཡོན་སྲིད་བྱུས་ཇི་འདྲ་ཞིག་འཛིན་དགོས་པ་དང་། ཤེས་རིག་ལས་ཁུངས་ཀྱིས་ལས་དོན་སྒྲུབ་ཕྱོགས། སློབ་ཁོངས་སོ་སོའི་དགེ་རྒན་རྣམས་ལ་ཉམས་མྱོང་ཅི་རིགས་ཡོད་སྟབས། ཉམས་མྱོང་དེ་དག་ཕན་ཚུན་སྤེལ་རེས་བྱེད་པའི་གོ་སྐབས་སོགས་ཡོད། ངའི་བསམ་པར་ཧ་ཅང་གལ་ཆེན་པོ་དང་རླབས་ཆེན་པོ་རེད་བསམ་གྱི་འདུག

དྲི་བ།     མཐའ་དོན་དེར་རང་ཉིད་ཀྱི་མངོན་འདོད་དང་ཆེད་ལས་ཐོག་མདུན་སྐྱོད་བྱེད་བཞིན་པའི་བོད་ཕྱི་ནང་གི་སློབ་ཕྲུག་རྣམས་ལ་བླང་དོར་བསླབ་བྱ་ཞིག་གནང་རོགས།

ལན།      མི་གཞན་ལ་བསླབ་བྱ་རྒྱག་པའི་འཇོན་ཐང་ང་ལ་གང་ཡང་མེད། འོན་ཀྱང་བོད་མི་རྣམས་ལ་དམིགས་བཀར་རང་ཉིད་ཀྱི་བསམ་ཚུལ་བརྗོད་འདོད་ཡོད་པ་ཞིག་ནི། དགེ་རྒན་དང་། ཕ་མ། སློབ་ཕྲུག་ཚང་མས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་ཨ་ཅང་ཅང་། དེ་བས་སློབ་ཕྲུག་དང་བོད་མི་སྤྱི་བོད་ཀྱི་སྐད་ཡིག་ཐོག་ལེགས་པོ་དགོས་ཀྱི་འདུག རང་ཉིད་ཀྱི་སྐད་ཡིག་གི་གནས་ཚད་དེ་རྩ་ཆེའི་བོད་ཀྱི་རིག་པའི་གཞུང་ལུགས་ཏེ། ནང་པའི་ལྟ་གྲུབ་ལྟ་ཀློག་བྱེད་ཐུབ་པའི་གནས་ཚད་དགོས་ཀྱི་འདུག ངས་དེ་སྔ་དུས་རབས་བདུན་པ་ནས་དུས་རབས་ཉེར་བརྒྱད་བར་གྱི་དབྱིན་ཇིའི་ལྟ་གྲུབ་སྐོར་སློབ་སྦྱོང་བྱས་པ་ཡིན་ལ། ཤཀ་སི་པེར་(Shakespeare)ལ་སོགས་པའི་དབྱིན་ཇིའི་གྲགས་ཅན་རྩོམ་པ་པོ་མང་པོའི་སྐོར་དང་། ཨ་མི་རི་ཀའི་གྲགས་ཅན་རྩོམ་རིག་པ་མང་པོའི་སྐོར་སློབ་སྦྱོང་བྱས་པ་ཡིན། རྩོམ་རིག་དེ་དག་ལ་ཧ་ཅང་ཡིད་དབང་འཕྲོག་མྱོང་ཡོད། ཕྱིས་སུ་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་འདོད་ཤུགས་ཆེ་བྱུང་། དེར་བརྟེན་བོད་ཀྱི་ནང་བསྟན་བསྟན་བཅོས་འགའ་ཞིག་ལ་སློབ་གཉེར་བྱས་མཐར། ལྟོས་ས་ལྟོས་འཇོག་གིས་དབྱིན་ཇིའི་རྩོམ་རིག་སློབ་སྦྱོང་བྱེད་པའི་འདུན་པ་བརླགས་སོང་། བོད་ཀྱི་ནང་བསྟན་གཞུང་ལུགས་ནི་གཞི་རྒྱ་ཆེ་ལ་གཏིང་ཟབ་པས་ད་ལྟའི་དུས་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ལ། ནང་པའི་ལྟ་གྲུབ་ནི་དུས་དང་རྣམ་པ་ཀུན་ཏུ་མཁོ་བ་ཞིག་རེད། དེ་འདྲ་སོང་ཙང་དེ་ལྟ་བུའི་ལྟ་གྲུབ་ཀྱི་དགོངས་དོན་རྟོགས་དགོས་ན་བོད་ཀྱི་སྐད་ཡིག་ཁོ་ནར་བརྟེན་དགོས་པ་ཆགས་ཡོད། དེའི་སྐོར་༸གོང་ས་མཆོག་གིས་ཐེངས་མང་གསུངས་གྲུབ་པ་རེད། ནང་ཆོས་ཀྱི་དཔེ་ཆ་དབྱིན་སྐད་ཐོག་བསྒྱུར་བ་མང་པོ་མཇལ་རྒྱུ་ཡོད་ཀྱང་། རྒྱ་ཆེ་ལ་གཏིང་ཟབ་པའི་དོན་དེ་དག་རྟོགས་ཐུབ་ཐབས་ཡོད་པ་མ་རེད། བྱས་ཙང་བོད་ཀྱི་སྐད་ཡིག་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  ང་ཚོས་བརྗོད་བཞིན་པའི་ཤེས་ཡོན་སློབ་སྦྱོང་དང་ལྷན་དུ་བྱམས་པ་དང་བརྩེ་བ་ཞེས་པ་ཟུང་འབྲེལ་བྱེད་ཐུབ་པ་བྱུང་ན། ང་ཚོ་བོད་མི་རྣམས་མི་གཤིས་ཆ་ཚང་གྲུབ་པ་ཞིག་ཆགས་ཀྱི་རེད། དེ་དག་ནི་ང་མི་སྒེར་གྱི་སེམས་གཏིང་གི་སྐད་ཆ་ཡིན།

དྲི་བ།     འཆི་མེད་ལགས། དུས་ཚོད་བཏོན་གནང་བར་ཐུགས་རྗེ་ཆེ།

ལན།      ཐུགས་རྗེ་ཆེ།

བཅར་འདྲིའི་འབྲེལ་ཐག  https://www.youtube.com/watch?v=3y5yhGDqlpY

བསྐྱར་བཅོས།: ༢༠༡༩/༠༤/༠༧

Leave a Reply