ཞིང་ཆེན་གྱི་མགོ་འཁྲིད་ཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

རྒྱ་ནག་ཨན་ཧེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་དང་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ཟུར་ཁྲིན་ཧྲུའུ་ལུང་ཟེར་བ་ཞིག་གིས་རྒྱལ་ཁབ་ཀྱི་མ་དངུལ་ལ་རྒྱ་སྒོར་དུང་ཕྱུར་ ༢༦ ལྷག་གིས་གྱོང་གུད་བཟོས་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཨན་ཧེ་(Anhui)ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་ཟུར་པ་དང་། ཨན་ཧེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཁྲིན་ཧྲུའུ་ལུང་(陈树隆)གིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་པ་དང་། དབང་ཆ་གང་བྱུང་སྤྱད་ནས་ནག་ཚོང་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་ཕྱིར་གྱར་དུ་བཅུག་པ་སོགས་ཀྱི་ནག་ཉེས་ཚབ་ཆེན་བསགས་ཡོད་པའི་ཉེས་མིང་འོག  ཁ་སང་རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁྲིན་ཧྲུའུ་ལུང་གིས་ཕྱི་ལོ་ ༡༩༩༤ ལོ་ནས་ ༢༠༡༦ བར་རྒྱ་ནག་ཞིང་ཆེན་རིམ་པ་ཁག་གི་ལས་ཁུངས་ནང་གོ་དབང་འཛིན་སྐབས། མི་སྒེར་གྱི་དབང་ཆ་ལོག་པར་སྤྱད་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་བ་སོགས་ལ་གོ་གནས་སྤར་ཏེ། ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢།༧༥༨ བླངས་བ་དང་། དབང་ཆ་ལོག་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་དངུལ་ཕངས་མེད་དུ་བཏང་བ་སོགས་ཀྱིས་རྒྱལ་ཁབ་ཀྱི་མ་དངུལ་ཐད་སྒོར་དུང་ཕྱུར་ ༢༩ ཡི་གྱོང་གུན་བཟོས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཁྲིན་ཧྲུའུ་ལུང་གིས་ཁྲིམས་ཁང་དུ་ནག་ཉེས་ངོས་ལེན་བྱས་ཡོད་མེད་དང་། སྐད་ཆ་ཅི་ཞིག་བཤད་ཡོད་སོགས་ཅི་ཡང་མི་གསལ་ན་ཡང་། ཨེ་ཕེག་དུས་བབ་(Epoch Times)གསར་ཁང་གིས་ཁྲིན་ཧྲུའུ་ལུང་གིས་ཐེངས་འདིར་ཁྲིམས་ཁང་གི་བཅད་ཁྲར་ངོས་ལེན་བྱས་ཡོད་པ་དང་། བསྐྱར་དུ་ཞུ་གཏུག་སོགས་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་བཀོད་འདུག  ཡང་གསར་འགྱུར་དེའི་ནང་ཁྲིན་ཧྲུའུ་ལུང་གིས་རྒྱ་སྒོར་ས་ཡ་ ༢༦ ལྷག་ཧོང་ཀོང་དུ་ཡོད་པའི་ཁོང་གི་སྤུན་མཆེད་ཆུང་བ་ཧྲི་ཡོང་(Shi Yong)ལ་བཏང་སྟེ་ཚོང་ལས་གཉེར་བཞིན་ཡོད་པ་དང་། ཁྲིན་ཧྲུའུ་ལུང་ནི་ཚོང་གཉེར་གྱི་ཐབས་ཇུས་སྟོན་མཁན་ཡིན་སྐོར་བརྗོད་འདུག

གཞན་ཡང་། ད་ལོའི་ཕྱི་ཟླ་ ༢ ནང་ཨན་ཧེ་ཞིང་ཆེན་གཞུང་གི་མགོ་འཁྲིད་ཀྲུའུ་ཁྲིན་ཡས(Zhou Chunyu)ཟེར་བ་ཞིག་གིས། ལྐོག་དངུལ་བླངས་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་ནང་དངུལ་དབོར་འདྲེན་གྱིས་སྦས་སྐུང་བྱས་ཡོད་པའི་ཉེས་འཛུགས་འོག་ལོ་ངོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གནད་དོན་དེ་ཐེངས་འདིའི་ཁྲིན་ཧྲུའུ་ལུང་གི་ནག་ཉེས་དང་འབྲེལ་བ་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཁྲིན་ཡས་དང་ཁྲིན་ཧྲུའུ་ལུང་གཉིས་ལ་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། ཁོ་གཉིས་ཀྱི་མ་དངུལ་ཕྱི་ལ་དབོར་འདྲེན་བྱེད་སྟངས་འདྲ་བོ་ཡོད་སྐོར་དང་། ཀྲུའུ་ཁྲིན་ཡས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཞིང་ཆེན་མགོ་འཁྲིད་ཅིག་གིས་ཕྱིའི་རྒྱལ་ཁབ་ལ་དངུལ་དབོར་འདྲེན་དང་སྦས་སྐུང་བྱས་པ་ངོས་ལེན་བྱེད་མཁན་ཐོག་མ་དེ་ཆགས་ཡོད་འདུག

ཁྲིན་ཧྲུའུ་ལུང་ནི་རང་ལོ་ ༥༧ ཡིན་པ་དང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཨན་ཧེ་དཔལ་འབྱོར་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཏེ། རིམ་པ་བཞིན་རྒྱ་ནག་ཨན་ཧེ་ཞིང་ཆེན་རྒྱལ་ཁབ་བུན་གཡར་ཞབས་ཞུ་ལྟེ་གནས་ཁང་གི་མགོ་འཁྲིད་དང་། ཨན་ཧེ་ཞིང་ཆེན་ཡིད་རྟོན་མ་འཇོག་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན། ཨན་ཧེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ། རྒྱ་ནག་ཝུའུ་ཧུའུ་གྲོང་ཁྱེར་དམར་ཤོག་ཚོགས་པའི་འགན་འཛིན། ཨན་ཧེ་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མི། དེ་བཞིན་ཞིང་ཆེན་དེའི་དམར་ཤོག་ཚོགས་པའི་རྒྱུན་ལས་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་སོགས་ཀྱི་འགན་འཁུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༠༨

Leave a Reply

One thought on “ཞིང་ཆེན་གྱི་མགོ་འཁྲིད་ཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།