ཨ་ཧྥེ་རི་ཀའི་ཕག་ནད་བོད་ལ་བསླེབས།

ཁ་སང་བོད་རང་སྐྱོང་ལྗོངས་ཀྱི་ནང་ཨ་ཧྥེ་རི་ཀའི་གསོ་ཕག་རིམས་ནད་ཁྱབ་པ་ཤེས་རྟོགས་བྱུང་སྟེ་ད་བར་གསོ་ཕག་ ༥༥ སྡེབ་གསོད་བྱས་ཡོད་སྐོར་བསྒྲགས་འདུགཀྲུང་གོའི་ཉིན་རེའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གི་གྲོང་གསེབ་སོ་ནམ་ལས་དོན་ཁང་གིས། བོད་རང་སྐྱོང་ལྗོངས་ཀྱི་སྤོ་མེས་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་ནང་། ཨ་ཧྥེ་རི་ཀའི་བཅོས་ཐབས་མེད་པའི་གསོ་ཕག་གི་རིམས་ནད་དེ་ཐེངས་དང་པོར་འགོས་ཁྱབ་བྱུང་བ་ཤེས་རྟོགས་བྱུང་སྐོར་བསྒྲགས་འདུག

ཡག་གནས་ཚུལ་དེའི་ནང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་དང་ཀོང་པོ་རྒྱ་མདའ་རྫོང་། སྤོ་མེས་རྫོང་ཁོངས་སུ་ཨ་ཧྥེ་རི་ཀའི་ཕག་ནད་བྱུང་བ་ཤེས་རྟོགས་བྱུང་མ་ཐག་མྱུར་སྐྱོབ་ཀྱི་ལས་གཞི་སྤེལ་ཏེ། རིམས་ནད་ཀྱི་ཁྱབ་ཚད་ལ་རྟོག་ཞིབ་དང་གནོད་མེད་གཙང་སེལ། སྐྱེལ་འདྲེན་མཚམས་འཇོག་དང་དུག་སེལ་སོགས་བྱས་ཡོད་པ་མ་ཟད། ཁ་སང་ཉིན་རྒྱབ་ཙམ་བར་དུ་གསོ་ཕག་ ༥༥ སྡེབ་གསོད་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་དེའི་སྐོར་ལ་གནས་ཚུལ་སྤེལ་བའི་ནང་། འདས་ལོའི་ཕྱི་ཟླ་ ༡༢ པ་ནས་བཟུང་རྒྱ་ནག་གཞུས་གིས་ཕག་ནད་ཐད་དོ་ནན་དང་མྱུར་སྐྱོབ་བྱས་པར་བརྟེན། རིམས་ནད་ཁྱབ་ཚད་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ད་སྔ་བར་རིམས་ནད་དེའི་བརྒྱ་ཆའི་ ༩༠ བཀག་ཡོད་ནའང་མུ་མཐུད་ཁྱབ་ངེས་ཡིན་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་ནི་འཛམ་གླིང་གི་ཕག་ཤ་ཟ་མཁན་དང་ཕག་གསོ་མཁན་ཤུགས་ཆེ་ཤོས་དེ་ཡིན་པ་དང་། ཨ་ཧྥེ་རི་ཀའི་ཕག་པའི་རིམས་ནད་དེ་བཅོས་ཐབས་རྙེད་མེད་པས། གལ་སྲིད་རིམས་ནད་དེ་ཕག་གསོ་ཁང་གི་ཕག་པ་གཅིག་ལ་འགོས་ཚེ། གསོ་ཁང་གི་ཕག་པ་ཚང་མ་སྡེབ་གསོད་བྱེད་དགོས་ཀྱི་ཡོད་པས། ཆེད་མཁས་པ་ཚོས་མུ་མཐུད་རིམས་ནད་དེ་ཁྱབ་བརྡལ་དུ་ཕྱིན་པ་ཡིན་ན། རྒྱ་ནག་གི་ཕག་གསོའི་ཁྲོམ་རར་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། འདས་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་རྒྱ་ནག་ནང་ཨ་ཧྥེ་རི་ཀའི་གསོ་ཕག་རི་རིམས་ནད་འགོས་པའི་གནས་ཚུལ་བྱུང་ཡོད་པ་དང་། ཉེ་སྔོན་བོད་ལྗོངས་དང་མཚོ་ལྷོ་ཕུད་པའི་རྒྱ་ནག་གི་ཞིང་ཆེན་ ༣༡ ནང་ཕག་ནད་དེ་བྱུང་ཡོད་པ་དང་། ཟླ་འདིའི་ནང་རྒྱ་ནག་ནང་ལོགས་ལ་རིམས་ནད་དེ་ཐེངས་ ༣ ལ་བྱུང་ཡོད་པ་དང་། དེ་བཞིན་ཡུན་ནན་བདེ་ཆེན་ཁུལ་དུ་རིམས་ནད་དེ་བྱུང་ནས་ཕག་ ༡༠༠ ལྷག་ཤི་ཡོད་འདུག

ཕག་ནད་དེ་ནི་ཕྱི་ལོ་ ༡༩༢༡ ལོར་ཨ་ཧྥེ་རི་ཀའི་ནང་ཐོག་མར་ངོས་འཛིན་བྱུང་ཡོད་པ་དང་། དེའི་ནད་འབུ་ཕག་གཅིག་ནས་གཅིག་ལ་ཐུག་རེག་བྱུང་བ་དང་། ནད་འབུ་ཡོད་པའི་ཕག་ལྟོ་མཉམ་དུ་ཟ་བ་སོགས་བརྒྱུད་ནས་འགོས་ཀྱི་ཡོད་པ་དང་། ནད་རྟགས་ནི་ཕག་པའི་རྣ་རྩེ་དམར་པོར་འགྱུར་བ་དང་ཚ་བ་རྒྱས་པ། ཁྲག་སོགས་སྐྱུག་བཤལ་དང་ལུས་སྟོབས་ཉམས་པ། ལྟོ་ཉུང་ངུ་ལས་མི་ཟ་བ་དང་ལངས་མི་ཐུབ་པ་སོགས་བྱུང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༠ བར་འཛམ་གླིང་དུད་འགྲོའི་འཕྲོད་བསྟེན་རྩ་འཛུགས་ཀྱི་གོ་སྒྲིག་འོག ཨ་ཧྥེ་རི་ཀའི་གསོ་ཕག་རིམས་ནད་ཆེད་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཞིག་ཐེངས་དང་པོར་པེ་ཅིན་དུ་འཚོག་འཆར་ཡོད་པ་དང་། ཐའེ་ཝན་ནི་ཆེད་མཁས་པའི་ཚོགས་ཆུང་དེ་འཛུགས་མཁན་གྱི་གྲས་ཡིན་ཡང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཐེངས་འདིའི་ཚོགས་འདུའི་ཐོག་ཐའེ་ཝན་གྱི་འཐུས་ཚབ་སྐད་བཏང་མེད་འདུག

ད་ལྟའི་ཆར་རིམས་ནད་དེ་འགོས་པའི་ཡ་གླིང་གི་རྒྱལ་ཁབ་རྣམས་ནི་རྒྱ་ནག་དང་སོག་པོ། ཡེ་མན། ཁམ་བྷོ་ཌི་ཡ་(Cambodia)བཅས་ཡིན་པ་དང་། རྒྱ་ནག་ནི་གསོ་ཕག་དུང་ཕྱུར་ ༤ ནས་ ༥ བར་ཡོད་མཁན་གྱི་ཕག་ཤ་ཉོ་ཚོང་གི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་སྟབས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱ་ནག་ནས་ཕྱིར་ཚོང་བྱས་པའི་ཕག་ཤའི་བདེ་འཇགས་ཐད་དོ་འཁུར་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། གསོ་ཕག་གི་རིམས་ནད་སྔོན་འགོག་གི་སྤུས་ཚད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༠༨

Leave a Reply