ཡང་གསེར་གྱི་རྟགས་མ་ཆོས་དབྱིངས་སྐྱིད་ལ་ཐོབ།

བོད་རིགས་ཨོ་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཡུ་རོབ་ཀྱི་པོར་ཇུ་གྷལ་ནང་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་ཁྲོད་ཨང་དང་པོ་བླངས་འདུགཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་(International Association of Athletics Federation) གྱི་གོ་སྒྲིག་འོག ཡུ་རོབ་ཀྱི་པོར་ཇུ་གྷལ་རྒྱལ་ཁབ་ཀྱི་རིའོ་མེ་ཝོར་གྲོང་ཁྱེར་དུ་བསྡུས་པའི་ ༢༠༡༩ ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་སྐབས་ ༡༧ པ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་འདུར་རྒྱུག་འགྲན་སྡུར་ནང་འཛམ་གླིང་རྒྱལ་ཁབ་ ༣༡ གི་འདུར་རྒྱུག་པ་ ༡༢༥ མཉམ་ཞུགས་བྱས་པ་དང་།   བོད་རིགས་ཨོ་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུགས་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་འདུག

རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཆོས་དབྱིངས་སྐྱིད་ཀྱིས་ད་ལན་གནམ་གཤིས་ལེགས་པོ་མེད་ཀྱང་རང་ཉིད་ཀྱི་གྲུབ་འབྲས་ལ་འདོད་བློ་ཚིམས་ཡོད་སྐོར་བརྗོད་འདུག་པ་དང་། ཐེངས་འདིའི་རྩེད་འགྲན་སྐབས་རླུང་འཚུབ་དང་གྲང་ངར་སོགས་གནམ་གཤིས་ཀྱི་འགྱུར་ལྡོག་གིས་རྩེད་འགྲན་པ་རྣམས་ལ་བར་ཆད་ཆེན་པོ་བཟོས་ཡོད་འདུག བུའི་འདུར་རྒྱུགས་ཁྲོད་ཨང་དང་པོ་ལེན་མཁན་ཁོ་ལོམ་བྷི་ཡའི་ཨེ་ཌར་ཨ་རེ་ཝེ་ལོ་(Eider Arevalo) ཡིས་ཀྱང་། ད་ལན་གྱི་འདུར་རྒྱུགས་དེ་ཧ་ཅང་ཁག་པོ་བྱུང་། གནམ་གཤིས་ཀྱི་གནས་སྟངས་ཀྱིས་ངས་ཐེངས་གཉིས་ལ་མྱུར་ཚད་དེ་མར་གཅོག་དགོས་བྱུང་སོང་། ཞེས་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། ཆོས་དབྱིངས་སྐྱིད་ལགས་ཀྱིས་ད་ལན་གྱི་འདུར་རྒྱུགས་ཁྲོད། ཐོག་མའི་སྤྱི་ལེ་དང་པོ་རང་ནས་རྩེར་སོན་གྱིས་རྒྱལ་ཁའི་མཐའ་ལ་མ་ཐུག་བར་དུ་འདུར་རྒྱུགས་ཀྱི་སྣེ་ཁྲིད་དེ་ཨང་དང་པོ་བླངས་ཡོད་པ་དང་། ཁོ་མོས་ད་ལན་གྱི་འདུར་རྒྱུགས་དེ་ཆུ་ཚོད་ ༡ སྐར་མ་ ༢༩ སྐར་ཆ་ ༠༠ ནང་ཟིན་ཡོད་པ་དང་། ཡུ་ཀེ་རན་གྱི་འདུར་རྒྱུགས་པ་ཨི་ནཱ་ཀཱ་ཤི་ནས་ཆུ་ཚོད་ ༡ སྐར་མ་ ༢༩ སྐར་ཆ་ ༣༠ ཟིན་ཏེ་ཨང་རིམ་གཉིས་པ་དང་། ཁོ་ལོམ་བྷི་ཡའི་སེན་དྷ་ར་ཨེ་རེ་ནཱ་སི་ཡིས་ཆུ་ཚོད་ ༡ དང་སྐར་མ་ ༣༠ སྐར་ཆ་ ༠༠ འགོར་ནས་ཨང་གསུམ་པ་ཐོབ་ཡོད་སྐོར་བསྒྲགས་འདུག

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་བླངས་ཡོད་པ་དང་། དེའི་རྗེས་བསྟུད་མར་རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་མང་པོའི་ནང་ཞུགས་ཏེ་རྒྱལ་ཁ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༨ ལོར་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་བླངས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་ཤར་རྒྱུད་ཨན་ཧྭེ་ཞིང་ཆེན་གྱི་ཧང་ཧྲན་གྲོང་ཁྱེར་ (Huangshan, Anhui) དུ་བསྡུས་པའི་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་ཁྲོད། ཆོས་དབྱིངས་སྐྱིད་ལགས་ཀྱིས་ཆུ་ཚོད་ ༡ སྐར་མ་ ༢༥ སྐར་ཆ་ ༣༧ ནང་འདུར་རྒྱུགས་ཟིན་ཏེ་ཨང་དང་པོ་བླངས་པ་མ་ཟད། འདི་ལོའི་བུད་མེད་ཀྱི་འདུར་རྒྱུགས་མྱུར་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༠༩

Leave a Reply

3 thoughts on “ཡང་གསེར་གྱི་རྟགས་མ་ཆོས་དབྱིངས་སྐྱིད་ལ་ཐོབ།

  1. འབྲོང་བུ་སོག་ཚ།

    ༡ ཡོན་ཏན་དགོས་ན་ཨ་མདོ་རེད།
    ༢ དཔའ་རྩལ་དགོས་ན་ཁམས་པ་རེད།
    ༣ ཆབ་སྲིད་དགོས་ན་དབུས་པ་རེད།
    ༤ དེ་གསུམ་འཛོམས་ན་བོད་པ་རེད།