ཁྱིམ་ཚང་ཨ་མ་ཚོས་ཕྲུ་གུ་གསོ་སྐྱོང་ཙམ་མིན་པར་ཕྲུ་གུའི་ཚབ་བྱེད་ཐུབ་དགོས་རེད།

ཁྱིམ་ཚང་མ་ཚབ་རྣམ་པས་སོ་སོའི་ལས་འགན་དེ་ལས་ཀའི་ངོ་བོ་ཙམ་ཞིག་ཏུ་ངོས་འཛིན་མི་བྱེད་པར་ཕྲུ་གུ་ཚོར་ཁྱིམ་ཚང་དེ་ང་རང་གི་ནང་ཡིན་བསམ་པའི་ཚོར་སྣང་སྐྲུན་ཐབས་དགོས་པ་གལ་ཆེན་པོ་རེད།དེ་རིང་སྔ་དྲོའི་ཆུད་ཚོད་ ༩།༣༥ སྟེང་། དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་ལགས་རྣམས་ལ་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། ཟབ་སྦྱོང་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དང་། ཤེས་རིག་མདུན་ལམ་ཚན་པའི་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། དེ་བཞིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཚོགས་གཞོན་བསོད་ནམས་བདེ་ཆེན་ལགས་དང་ལས་བྱེད་སྤེན་པ་ཕུན་ཚོགས་ལགས། གཞན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁྱིམ་ཚང་ཁག་གི་མ་ཚབ་ ༤༠ བཅས་ཁྱོན་མི་གྲངས་ ༥༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་ཤེས་རིག་མདུན་ལམ་ཚན་པའི་ལམ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས། ཁྱིམ་ཚང་ཨ་མ་ཚོར་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་འདི་གལ་ཆེན་པོ་ཆགས་ཡོད་པ་དང་།  སྤྱིར་ཁྱིམ་ཚང་ཨ་མ་ཚོར་བོད་ཁྱིམ་རང་གི་འགན་བླངས་ནས་ཕྲུ་གུ་གསོ་སྐྱོང་སྐོར་ལ་ཟབ་སྦྱོང་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་དེ་ཁྱིམ་ཚང་ཨ་མ་ཚོར་མཚོན་ན། ཉིན་རེ་བཞིན་ཕྲུ་གུ་མང་པོ་ཞིག་ལ་བདག་སྐྱོང་དང་འབྲེལ་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་གི་ཡོད་སྟབས། ཨ་མ་ཚོར་མཉམ་མྱོང་གི་ཡོན་ཏན་ཡོད་ཡོད་པ་ཞིག་ཡིན་ཡང་། ཆེད་ལས་རང་བཞིན་གྱི་ཐོག་ནས་ཉིན་རྒྱུན་ཕྲུ་གུ་ཚོར་འབྲེལ་བ་འཛུགས་སྟངས་དང་། མ་ཚབ་ཞིག་ཡིན་པའི་ཆ་ནས་ཕྲུ་གུ་གསོ་སྐྱོང་སྐབས་བྱམས་པ་དང་བརྩེ་བའི་ངང་ནས་གསོ་སྐྱོང་གནང་ཐབས་གལ་ཆེན་པོ་ཆགས་ཡོད་དུས། ཤེས་རིག་ལས་ཁུངས་ངོས་ནས་ཨ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་ག་འདྲ་དགོས་མིན་ཐད་ཟབ་སྦྱོང་ཞིག་དགོས་གལ་ཆེན་པོ་གཟིགས་ནས་གོ་སྒྲིག་གནང་བ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོ་དང་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། དེ་རིང་ཤེས་རིག་ངོས་ནས་ཁྱིམ་ཚང་ཨ་མ་ཚོར་ཟབ་སྦྱོང་འདི་ལྟ་བུ་ཞིག་གནང་ཐུབ་པ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། ཨ་མ་ཚོས་ཉིན་རེ་བཞིན་བྱིས་པ་མང་པོ་ཞིག་ལ་འབྲེལ་འདྲིས་དང་བདག་སྐྱོང་གནང་གི་ཡོད་སྟབས། གཙོ་ཆེ་ཤོས་ཨ་མ་ཚོས་ཕྲུ་གུ་རེ་རེའི་བྱ་སྤྱོད་དང་ཀུན་སློང་སོགས་ངོ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྲུ་གུ་དང་འབྲེལ་འདྲེས་བྱེད་སྐབས་ངོ་ཡག་པོ་ཞིག་མ་ཤེས་པ་ཡིན་ན། ཨ་མ་དང་ཕྲུ་གུའི་བར་ལ་འབྲེལ་ལམ་ཡག་པོ་ཞིག་ཆགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་པ་དང་། འབྲེལ་བ་ཡག་པོ་ཞིག་མ་བྱུང་བ་ཡིན་ན། ཨ་མའི་ཕྲུ་གུ་དེར་རྒྱུས་ལོན་བྱ་རྒྱུ་ཁག་པོ་ཡིན་སྟབས། ཁྱིམ་ཚང་ཨ་མ་ཚོས་ཕྲུ་གུ་ངོ་ཡག་པོ་ཤེས་པའི་ཐོག་ནས་བྱམས་པ་དང་བརྩེ་བས་གསོ་སྐྱོང་གནང་དགོས་པ་དང་། དེ་བཞིན་ཨ་མ་ཞིག་ལ་མཚོན་ན། སློབ་ཚན་སོགས་ཆེན་པོ་ཞིག་མི་ཤེས་ཀྱང་ཉིན་རེའི་ཕྲུ་གུའི་སློབ་ཚན་སྦྱང་ཡོད་མེད་དང་ནང་ལས་བྲིས་ཡོད་མེད། ཕྲུ་གུའི་དཔེ་ཁུག་ནང་དུ་ཅ་ལག་ག་རེ་འཁུར་བཞིན་ཡོད་པ་སོགས་སློབ་སྦྱོང་དང་འབྲེལ་བའི་ལས་དོན་ཆུང་ཚགས་རིགས་ལ་དོ་སྣང་སྤྲོད་དགོས་པ་དང་། སློབ་ཚན་ཡག་པོ་སྦྱོང་མཁན་དང་ནང་ལས་སོགས་ཏག་ཏག་འབྲི་མཁན་ལ་བསྟོད་བསྔགས་ཅུང་ཙམ་རེ་བྱས་པ་ཡིན་ན། ཕྲུ་གུ་གསོ་སྐྱོང་མཉམ་དུ་སློབ་སྦྱོང་ཐད་ལ་ཡང་ཕན་ཐོགས་བྱུང་ཐུབ་སྐོར་བརྗོད་སོང་།མཛད་སྒོ་གྲོལ་བ་དང་འདི་གའི་གསར་འགོད་པས་ཁྱིམ་ཚང་ ༢༤ པའི་ཨ་མ་ཚེ་རིང་དབང་མོ་ལགས་སུ། ཨ་མ་ཞིག་ཡིན་པའི་ཆ་ནས་ཕུ་གུ་ག་འདྲ་གསོ་སྐྱོང་གནང་གི་ཡོད་པ་དང་། སྔོན་དང་བསྡུར་ན་དེང་སང་བོད་པ་མ་ཡིན་པའི་ཕྲུ་གུ་མང་པོ་ཡོང་གི་ཡོད་པས་ཕྲུ་གུ་ཚོར་བདག་སྐྱོང་བྱེད་རྒྱུ་སོགས་ག་འདྲ་ཆགས་ཡོད་སྐོར་དྲིས་པར་མོས། ང་རང་ཁྱིམ་ཚང་ཨ་མ་བྱས་ཏེ་ལོ་བཞི་འགྲོ་བཞིན་ཡོད་པ་དང་། ནམ་རྒྱུན་ཕྲུ་གུ་ཚོར་གང་ཐུབ་ཐུབ་ཀྱིས་ཡག་པོ་བྱེད་ཀྱི་ཡོད་ལ། སྔོན་དང་བསྡུར་ན་དེང་སང་གི་ཕྲུ་གུ་ཚོར་བདག་སྐྱོང་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་འདུག སྔོན་ཆད་ཕྲུ་གུ་ཚོར་སྐད་ཆ་བཤད་ན་ཁར་ཉན་པ་དང་བསམ་བློ་གཏོང་སྟངས་སོགས་ཡག་པོ་ཡོད་ན་ཡང་། དེང་སང་བྱིས་པ་ཚོར་སྐད་ཆ་བཤད་སྐབས་ཁར་མི་ཉན་པ་དང་བཀའ་སྐྱོན་སོགས་བཏང་ན་ལས་ཀ་ལྡོག་ཕྱོགས་ནས་ལས་པ་དང་། དེ་བཞིན་སོ་སོའི་ག་རེ་འདོད་པ་དེ་ག་རང་ལས་གཞན་མིའི་ཁ་ལ་མི་ཉན་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། གཞན་ཕྲུ་གུ་མང་པོ་ཞིག་བོད་པ་མིན་དུས་དང་པོ་བསླེབས་མ་ཐག་ཕན་ཚུན་སྐད་ཆ་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་སྐོར་སོགས་བརྗོད་བྱུང་།

མཇུག་ཏུ་ཤེས་རིག་མདུན་ལམ་ཚན་པའི་ལམ་སྟོན་པ་སྐྲོལ་དཀར་དབང་མོ་ལགས་སུ་ཤེས་རིག་ལས་ཁུངས་ངོས་ནས་ཁྱིམ་ཚང་ཨ་མ་ཚོར་ཟབ་སྦྱོང་འདི་ལྟ་བུ་ཐེངས་ག་ཚོད་ལ་གནང་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཨ་མ་ཚོར་ཕྲུ་གུ་གསོ་སྐྱོང་ཐད་ཟབ་སྦྱོང་སྤྲོད་དགོས་པ་དེ་གལ་ཆེན་པོ་ག་འདྲ་གཟིགས་ཀྱི་ཡོད་མེད་དྲིས་པར། ཤེས་རིག་ལས་ཁུངས་ངོས་ནས་ཐེངས་འདིར་སློབ་གྲྭ་ཁག་གི་ཨ་མ་ཚོར་ཕྲུ་གུ་གསོ་སྐྱོང་ཐད་ཟབ་སྦྱོང་སྤྲོད་པ་ཐེངས་དང་པོ་ཆགས་ཡོད་པ་དང་། ཟབ་སྦྱོང་དེ་མུ་མཐུད་དྷ་སྟེང་བོད་ཁྱིམ་ནས་མགོ་ཚུགས་ཏེ་བོད་ཁྱིམ་འོག་ལ་ཡོད་པའི་སུ་ཇྭ་བོད་ཁྱིམ་སློབ་གྲྭ་དང་། གོ་པལ་པུལ་སོགས་བོད་ཁྱིམ་སློབ་གྲྭ་གསུམ་གྱི་ཁྱིམ་ཚང་ཨ་མ་ཚོར་སྤྲོད་འཆར་ཡོད་ལ། ཤེས་རིག་ལས་ཁུངས་ངོས་ནས་ཟབ་སྦྱོང་འདི་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་པ་དང་། ཕྲུ་གུ་མང་པོ་ཞིག་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་ཡིན་པ་དང་། དེ་བཞིན་བོད་ནས་ཕེབས་ཏེ་ཁྱིམ་ཚང་ནང་ལ་བཞུགས་ཡོད་སྟབས། ཕྲུ་གུ་མང་པོ་ཞིག་ཕ་མ་དང་ཁ་བྲལ་ཡོད་དུས་ཕ་མ་ཟེར་ན་རེད། བློ་གཏོད་ས་དང་ཡིད་ཆེས་བྱེད་ས་དེ་ཁྱིམ་ཚང་ཨ་མ་ཆགས་ཡོད་པ་དང་། ཕྲུ་གུ་མང་པོ་ཞིག་གིས་ཨ་མ་དེར་རེ་བ་ཆེན་པོ་བརྒྱབས་དུས། ཨ་མ་དེས་ལས་ཀའི་ངོ་བོ་ཞིག་ལ་ངོས་འཛིན་མི་བྱེད་པར་ཕྲུ་གུ་ཚོར་ཁྱིམ་ཚང་དེ་ང་རང་གི་ནང་ཡིན་བསམ་པའི་ཚོར་སྣང་བ་སྐྲུན་ཐབས་དང་། ཕྲུ་གུ་ཚོར་རང་ཉིད་ལ་ནང་ཞིག་ཡོད་བསམ་པའི་འདུ་ཤེས་ཡོད་ཐུབ་པ་བྱ་དགོས་པ་གལ་ཆེན་པོ་ཡིན་པ་དང་། གཉིས་ནས་ཕྲུ་གུ་ཚོར་སེམས་ཀྱི་དཀའ་ངལ་སོགས་བཤད་ས་ཞིག་དགོས་དུས་ཁྱིམ་ཚང་ཨ་མ་དེ་དག་ཡིད་ཆེས་ལྡན་པ་དང་ཕྲུ་གུའི་སྐད་ཆ་ལ་འགན་འཁུར་ཐུབ་པ། ཕྲུ་གུ་ཚོར་ཟ་མ་སྤྲད་པ་ཙམ་མ་ཡིན་པར་སྐུ་ཚབ་བྱས་ཏེ་འཛིན་སྐྱོང་ལ་ཕྲུ་གུ་ཚོའི་དཀའ་ངལ་སོགས་བཤད་ཐུབ་དགོས་པ་དེ་ཨ་མ་ཚོའི་འགན་ཆེན་པོ་ཞིག་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༠༩

Leave a Reply