ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་གྱི་གསང་བ།

ཀླུ་སྨྱོན་ཧེ་རུ་ཀ

ཉེ་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་དབུས་གཞུང་བརྙན་འཕྲིན་ཁང་གི་གསར་འགོད་པས་གངས་ལྗོངས་ས་མཐོའི་སྟེང་དུ་ལོ་རྒྱུས་ཀྱི་རྡོ་རིང་ཅི་བཞིན་ཀྲོང་ངེར་འགྱིང་བའི་ཕོ་བྲང་པོ་ཏ་ལའི་གསང་བ་ཞིག་ཕྱིར་བསྒྲགས་བྱས་པ་སྟེ། ཁོ་ཚོས་ཕོ་བྲང་པོ་ཏ་ལའི་ནང་ལོགས་ཀྱི་ཁང་མིག་ཅིག་ལས་ས་འོག་དོང་ལམ་རིང་མོ་ཞིག་རྙེད་སོན་བྱུང་ཞིང་། དོང་ལམ་དེའི་རིང་ཚད་དང་བྱེ་བྲག་གམ་ཡན་ལག་ཅི་ཙམ་ཡོད་མེད་ཀྱི་སྐོར་གསལ་བོ་ཞིག་འགྲེལ་བཤད་བརྒྱབ་མི་འདུག ཡིན་ན་ཡང་། གསར་འགྱུར་དེ་ལས་ང་ཚོའི་གསལ་བོར་མཐོང་ཐུབ་པ་ཞིག་ནི། ཕོ་བྲང་པོ་ཏ་ལའི་མདུན་དུ་སྐར་ལྔའི་དར་དམར་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དེ་རིང་། ད་དུང་ཕོ་བྲང་ཆེན་པོ་དེའི་ནང་ལོགས་ཀྱི་གསང་བ་མང་པོ་ཞིག་སྔོག་འདོན་བྱེད་རྒྱུར་ལུས་ཡོད་པ་དང་། གསང་བ་དེ་དག་གི་ཁྲོད་ཀྱི་ཆེས་གསང་བ་མང་པོ་ཞིག་ནི་གསང་སྔགས་ཀྱི་དཀྱིལ་འཁོར་ཇི་བཞིན་རྟོགས་པ་མཐོན་པོ་ཅན་གྱི་གང་ཟག་དག་གི་མ་གཏོགས་སོ་སྐྱེ་ཕལ་བའི་སྤྱོད་ཡུལ་ནམ་ཡང་མ་ཡིན་པའི་གལ་ཆེན་རང་བཞིན་དེ་བསྟན་ཡོད་པར་འདོད།

འདིར་བདག་གིས་ཉེ་སྔོན་ཕྱིར་བསྒྲགས་བྱས་པའི་པོ་ཏ་ལའི་ས་འོག་དོང་ལམ་སྐོར་གྱི་གསར་འགྱུར་དེ་ཚོ་སྐད་འཕྲིན་རྒྱབ་ལྗོངས་ལས་མཐོང་བ་ནས་བཟུང་སྟེ། རང་དབང་མེད་པར་ཉིན་གྲངས་དུ་མ་ཞིག་ལ་ས་འོག་དོང་ལམ་དེ་ཚོའི་སྐོར་ལ་བསམ་བློ་མ་གཏོང་རང་གཏོང་ཆགས་པ་དང་། སྔོན་ཆད་བརྙན་འཕྲིན་དང་གློག་བརྙན་ལས་འཚོལ་ཞིབ་དང་རིགས་འདེད་ཀྱི་དངོས་བཤུས་དང་རྟོག་བཏགས་རང་བཞིན་ལྡན་པའི་སྐོར་གྱི་བརྩམས་ཆོས་མང་པོར་མྱོང་རོལ་བྱེད་དུས་དང་། རང་ཉིད་བྱིས་པ་ཡིན་དུས་སུ་འཕྲད་པའི་གོ་ལ་གཞན་ནས་འོངས་པའི་འཕུར་ལྡེར་གྱི་ཡིད་དབང་འཕྲོག་པའི་བཟོ་བཀོད། དེ་བཞིན་སློབ་ཆུང་ནས་བཟུང་སྟེ་དེ་རིང་ལ་ཐུག་གི་བར་དུ་ལོ་རྒྱུས་དང་གསང་བ་སྔོག་འདོན་སྐོར་གྱི་དེབ་གང་འཚམ་ཞིག་བཀླགས་པ་སོགས་ཀྱི་དབང་གིས། གོང་གསལ་པོ་ཏ་ལའི་སྐོར་གྱི་གསར་འགྱུར་དེ་ལས་འཕྲོས་ཏེ་རང་གི་རྟོག་ངོར་ཤར་བའི་སྒྲུང་དུམ་འགའ་འདིར་འབྲི་གི་ཡིན།

གཅིག ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་དེ་ནི་གནའ་བོའི་བོད་ཀྱི་ཡར་ཀླུང་ཁོག་ནས་རྒྱལ་ས་དང་མངའ་ཐང་བོད་དབུས་ཁུལ་དུ་བསྐྱེད་ཆེད་དམར་པོ་རིར་ཕོ་བྲང་གསར་སྐྲུན་གནང་མཁན་དང་། བོད་ཀྱི་རྒྱལ་ཕྲན་དུ་མ་གཅིག་གྱུར་བཟོས་ཏེ་ཐུ་བྷོད་རྒྱལ་རབས་ཀྱི་གཟི་བྱིན་དབུས་ཤར་ལྷོ་ནུབ་ཀྱི་ཨེ་ཤ་ཡའི་སྤྱི་གཙུག་ནས་འཕྲོ་རུ་འཇུག་མཁན་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དང་པོ་བཙན་པོ་སྲོང་བཙན་སྒམ་པོ་དང་ཁོང་གི་བློས་ཐུབ་བློན་ཆེན་ཚོས་ཆོས་ལ་གནག་ཅིང་སྲིད་ལ་སྡང་བའི་བློན་པོ་མ་རུང་བ་ཚོས་མ་ཚོར་བའི་སྒོ་ནས་ཆོས་སྲིད་ཀྱི་ཚོགས་འདུ་སྣ་མང་ཞིག་ལེགས་འགྲུབ་ཡོང་ཆེད། ཧ་ཅང་གསང་བའི་སྒོ་ནས་བློས་ཐུབ་ཨར་ལས་པ་དང་གཡོག་པོ་མང་པོར་ས་འོག་དོང་ལམ་རིང་མོ་ཞིག་བརྐོ་རུ་བཅུག་པ་ཡིན་ཞིང་། དེ་ནི་སྲོང་བཙན་སྒམ་པོ་རང་ཉིད་ལ་མཚོན་ན་ཡབ་གནམ་རུ་སྲོང་བཙན་ལ་དུག་བོར་ནས་བཀྲོངས་མཁན་གྱི་གཤེད་མ་དེ་ཚོའི་རྒྱབ་སྐྱོར་བ་ཚོའི་དུག་གི་མཚོན་ཆའི་ཁ་ནས་བཙན་པོ་ཉིད་ཀྱི་སྐུ་སྲོག་སྲུང་སྐྱོབ་ལ་མཚོན་ན་ཡང་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། གནའ་བོའི་རྒྱལ་མཁར་ཕལ་མོ་ཆེའི་གསང་བའི་ས་གནས་ག་གེ་མོ་ཞིག་ཏུ་ས་འོག་དོང་ལམ་བྲུས་པ་ཡོད་པ་ནི་རྒྱལ་ཁབ་མང་པོ་ཞིག་གི་རྒྱུན་སྲོལ་ཡིན་ཞིང་། ཨ་མེ་རི་ཀར་མཚོན་ན་དེང་སྐབས་ད་དུང་སྲིད་འཛིན་བཞུགས་སའི་ཕོ་བྲང་དཀར་པོའི་ནང་ལོགས་སུ་གསང་བའི་དོང་ལམ་གྲ་སྒྲིག་གིས་སྲིད་འཛིན་དང་ཁོང་གི་ནང་མིར་གློ་བུར་ཛ་དྲག་གི་རྒོལ་རྡུང་འཇིགས་སྐུལ་བྱུང་ན་འབྲོ་ཆོག་གབ་ཆོག་བྱས་ཡོད་པ་འཛམ་གླིང་ཡོངས་གྲགས་མ་ཡིན་ནམ།

གཉིས། བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲོད་དུ་ཁྱད་དུ་འཕགས་པའི་བྱས་རྗེས་འཇོག་མཁན། མེས་དབོན་རྣམ་གསུམ་ལས་གཉིས་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཆོས་ལུགས་མི་སྣའི་ཁྲོད་དུ་བན་བོན་འཐབ་རྩོད། རྒྱ་གར་དང་རྒྱ་ནག་གི་སློབ་དཔོན་རྣམ་པའི་འགྲན་བསྡུར། བོད་དང་རྒྱ་ནག་གི་དམག་འཁྲུག་ཆེན་པོ་སོགས་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་གི་རྐྱེན་གྱིས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་བརྒྱུད་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ་རྫོགས་པ་ཆེན་པོའི་གཙོས་པའི་ཟབ་ཆོས་དུ་མ་ཞུས་ཤིང་། ཡང་བན་བློན་དུ་མ་དོང་ལམ་འདི་བརྒྱུད་ནས་གསང་བའི་ངང་ཕོ་བྲང་དུ་བསྐོངས་ཏེ་བོན་བློན་ཚོར་ཁ་གཏད་ཇི་ལྟར་འཇལ་ཚུལ་བཀའ་གྲོས་མཛད།

གསུམ། སངས་རྒྱས་ཀྱི་བསྟན་པ་གངས་ལྗོངས་མཐའ་དབུས་མེད་པར་སྤེལ་བ་ལ་བྱས་རྗེས་འགྲན་ཟླ་བྲལ་བ། མེས་དབོན་རྣམ་གསུམ་ལས་གསུམ་པ། རང་གི་སྐུ་སྲོག་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་བོད་འབངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་བཏང་བའི་བྱས་རྗེས་རླབས་པོ་ཆེ་འཇོག་མཁན། དགེ་འདུན་སྡེ་གཉིས་ལ་སྔ་ན་མེད་པའི་རལ་བ་གདན་དུ་བཏིངས་ཏེ་བཀུར་བསྟི་ཚད་མེད་པ་གནང་མཁན། ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་དུས་སུ་རྒྱལ་པོ་སྔ་མ་གཉིས་ཀྱི་རིང་ནས་མགོ་འབུས་ཤིང་རྩ་བ་ཚུགས་པའི་བན་བོན་འཐབ་རྩོད་ཀྱི་རྣོ་ངར་ཆེ་རུ་ཕྱིན་པས། རྒྱལ་པོས་བྲན་ཁ་དཔལ་གྱི་ཡོན་ཏན་སོགས་ཆོས་བློན་དག་པོ་ཏ་ལའི་ས་འོག་དོང་ལམ་ནས་མ་གཏོགས་རང་གི་སྐུ་མདུན་དུ་གདན་འདྲེན་ཞུས་ཏེ་ཆོས་སྲིད་སྐྱོང་སྟངས་བཀའ་མོལ་གནང་རྒྱུ་ཧ་ཅང་ཁག་པོ་བྱུང་བའི་གནས་སྐབས་འོག ས་འོག་དོང་ལམ་འདིས་ཆོས་རྒྱལ་མཐའ་མ་འདིའི་ཆོས་སྲིད་ཀྱི་བྱ་གཞག་རླབས་པོ་ཆེ་མང་པོ་ཞིག་ལེགས་འགྲུབ་ཡོང་བར་ནུས་པ་ཆེན་པོ་ཞིག་བཏོན་ཡོད་པ་རེད།

བཞི་པ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་བཀྲུས་ཀྱང་མི་དག་པའི་དྲི་མ་ཅན་དུ་འབོད་པའི་སྡིག་རྒྱལ་གླང་དར་མའི་སྐབས་སུ། བློན་ངན་དག་གི་གཡོ་སྒྱུ་དང་རྫུན་ཚིག་ལ་གོ་སྐབས་མང་པོ་ཞིག་ཐོབ་སྟེ། དམ་པ་ཆོས་ཀྱི་དབང་འཕང་སྨད་ཅིང་དགེ་འདུན་སྡེ་གཉིས་ལ་བར་ཆད་བཏང་། མེས་པོ་གོང་མ་དག་གི་ཞལ་རས་ལ་བསྐལ་བའི་བར་དུ་འདག་དཀའ་བའི་དྲེགས་པ་བྱུགས། འབངས་ཀྱི་ངོ་ལོག་ཀྱང་བ་ངན་གྱི་རྙང་བ་བཞིན་དུ་རྒྱུན་ཆད་མེད་པར་བྱུང་། བཙན་པོ་རང་གི་ཐུགས་ལ་གདོན་ཞུགས་པའམ་བློན་ངན་པའི་ཤུགས་རྐྱེན་ལས་མི་དགེ་བ་དུ་མ་ཞིག་ལག་ལེན་དུ་བསྟར་བས། མཐོ་བ་བློན་ཆེན་དང་དམའ་བ་ཚེ་གཡོག་གི་ཁྲོད་དུ་རྒྱལ་པོའི་སྤྱོད་ངན་ལ་ཡི་མི་རངས་པའི་ལྐོག་ལབ་དིར་རེ་བ་ཞིག་བྱུང་། མཐར་བློན་ཆེན་ལྷ་ལུང་དཔལ་གྱི་རྡོ་རྗེས་ལུས་ལ་ཆ་ལུགས་ཡ་མ་ཟུང་སྤྲས་ཤིང་ལག་ཏུ་དུག་ཁུ་བྱུགས་པའི་མཚོན་ཆ་ཁྱེར་ནས་ས་འོག་དོང་ལམ་འདི་བརྒྱུད་དེ་རྒྱལ་པོའི་གཟིམ་ཁང་དུ་ལྐོག་འཛུལ་གྱིས་རྒྱལ་པོའི་སྐུ་སྲོག་བཀྲོངས་ཡོད་སྲིད་པ་ཞིག་རེད།

ལྔ་པ། བོད་ལ་རྟེན་རབ་བྱུང་ངུར་སྨྲིག་དང་སེམས་སྡོམ་པ་གསུམ་གྱིས་བསྡམས་པའི་དགེ་སློང་གིས་དབང་སྒྱུར་མཁན་དང་པོ་འགྲོ་མགོན་ཆོས་འཕགས་དང་། ས་སྐྱའི་སྟོབས་ཤུགས་ཉམས་དམས་སུ་ཕྱིན་པའི་རྗེས་སུ་ཡང་སྐྱར་རབ་བྱུང་རྒྱལ་པོའི་ཆ་ལུགས་ཅན་ཞིག་བྱུང་བ་ནི་རྒྱལ་དབང་ལྔ་པ་རེད། ཁོང་གི་དུས་སུ་ཕོ་བྲང་པོ་ཏ་ལ་སྔར་ལས་ལྡབ་ཧ་ཅང་མང་པོ་ཞིག་གིས་རྒྱ་བསྐྱེད་པ་རེད། བཀའ་བརྒྱུད་པའི་སྙན་ངག་མཁན་ཆེན་པོ་བོད་མཁས་པ་སོགས་ཀྱིས་ཞལ་ནས་ལྔ་པ་ཆེན་པོར་མཚོན་ན་རྟེན་རབ་བྱུང་ཡིན་མིན་གྱི་བཤད་སྒྲོས་ཤིག་བྱུང་བ་རེད་དེ། ས་འོག་དོང་ལམ་འདི་བརྒྱུད་ནས་གཟུགས་བཟང་མ་མང་པོ་ཞིག་ཕོ་བྲང་པོ་ཏ་ལའི་ནང་དུ་ལྐོག་འདྲེན་བྱེད་མཁན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཆོག་སྟེ། ཁོང་གིས་སྐབས་དེའི་ལྷ་སའི་བུད་མེད་གཟུགས་བཟང་མ་ཕལ་མོ་ཆེའི་མྱོས་བུམ་འཕུར་མྱོང་བ་ལོ་རྒྱུས་ཀྱི་ཤོག་ལྡེབས་ན་འདུག་གོ།།

དྲུག་པ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གནང་མཁན་ཞིག་བྱུང་བ་ནི་རྒྱལ་དབང་ལྔ་བ་མིན་ན་དྲུག་པ་ཡིན་པ་ནི་རྒྱ་གྲགས་བོད་ཤེས་རེད། ཁོང་གིས་བཀྲ་ཤིས་ལྷུན་པོར་༧པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བསླབ་པ་ཕྱིར་འབུལ་མཛད་རྗེས། སྐུ་ལ་སྐྱ་ཆས་མནབས། ཞལ་ལ་ཨ་རག་མཆོད། ཕྱག་ཏུ་མདའ་གཞུ་བསྣམས། སྤྱན་གྱིས་མཛེས་མར་གཟིགས། རྒྱུན་དུ་སྙན་ངག་བྲིས། ལན་རེར་མཛའ་གཞས་གྱེར། སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཁོང་གི་བར་དུ་འགལ་ཟླ་ཆེན་པོ་ཞིག་ཀྱང་ལྷགས། ཁོང་གི་གྲོགས་པོ་དང་ནང་གཡོག་རེ་ཟུང་ལ་ཡང་འཇབ་མདའ་ཕོག ཁོང་གི་སྐུ་སྲོག་ཉེན་ཁའི་ནང་དུ་ཐེངས་མང་ཚུད། ཡིན་ཡང་ཁོང་གིས་ཁོང་གི་ཆུང་འདྲིས་བྱམས་པ་འཕྱོང་རྒྱས་ཟླ་བ་སྒྲོལ་མ་སོགས་གཟུགས་མཛེས་ཤིང་དྲི་ཞིམ་པ། ནུ་མ་དང་བྷ་ག་མཁྲེགས་པ། མཆུ་དང་ལྕེའི་བྲོ་བ་མངར་བ། འདོད་པའི་སྒྱུ་རྩལ་ལ་ཤིན་ཏུ་མཁས་ཤིང་འཁྲིག་པའི་ཚོར་བདེ་ལ་ཞེན་ཅིང་ཆགས་པ་དེ་དག་བློས་ཇི་ལྟར་གཏོང་ནུས། ཐོག་མར་ཁོང་གིས་ས་འོག་དོང་ལམ་འདི་འདྲ་ཞིག་ཡོད་པ་ཐུགས་ལ་ནམ་ཡང་མ་ཤར་བར། ཁ་བ་བབས་པའི་མཚན་དཀྱིལ་ལ་ཡང་མཛའ་གྲོགས་ཀྱི་སར་ཕེབས་པ་དང་། ཞོགས་པ་རེ་རེར་དཀར་ཞིང་ཁུ་སིམ་པའི་ཁ་བའི་ལམ་ཕྲན་སྟེང་དུ་ཁོང་གིས་མཚན་དཀྱིལ་དུ་བཞག་པའི་ཞབས་རྗེས་ཀྱག་ཀྱོག་དེ་ཚོ་ཧ་ཅང་གསལ་གསལ་ཐིང་ཐིང་དུ་ལུས་ཡོད་པས། ཁོང་གིས། སྲོད་ལ་བྱམས་པ་བཙལ་བས། ། ཐོ་རེངས་ཁ་བ་བབས་བྱུང་། །གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་སོང་། །ཞེས་པའི་གསུང་མགུར་སྙན་ངག་སྐད་གྲགས་ཅན་དེ་བརྩམས་གནང་བ་རེད། ཡིན་ན་ཡང་། འདོད་པའི་ལྷ་དབང་ཕྱུག་ཡབ་ཡུམ་དང་རིག་བྱེད་མ། འདོད་རྒྱལ་སོགས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྷ་དེ་ཚོས་ཁོང་དང་ཁོང་གི་ཆུང་འདྲིས་བྱམས་པ་གཉིས་ཐུགས་ནས་ནམ་ཡང་དོར་མེད། ཡབ་མེས་གོང་མ་དག་གི་རིང་ནས་ཡོད་པའམ་ཡང་ན་གསར་དུ་བྲུས་པའི་ས་འོག་དོང་ལམ་འདི་བརྒྱུད་ནས། ཟླ་བ་དཀར་ཞིང་སྒོར་བའི་མཚན་མོ་མང་པོ་ཞིག་ལ། ཁོང་ཆུང་འདྲིས་བྱམས་པ་འཚོལ་དུ་ཕེབས་པ་གྲངས་ཀྱིས་ག་ལ་ཟིན། དེ་བཞིན་ཁོང་གི་ཆུང་འདྲིས་བྱམས་པ་མང་པོ་ཞིག་ཀྱང་ས་འོག་དོང་ལམ་འདི་བརྒྱུད་ནས་ཕོ་བྲང་པོ་ཏ་ལའི་ནང་དུ་ཡོང་ནས་ཁོང་ལ་བདེ་སྟོང་མཉམ་སྦྱོར་གྱི་རྟོགས་པའི་བོག་འབྱིན་དང་བྷ་ལིང་ཁ་སྦྱོར་གྱི་འདོད་པའི་བདེ་ཆེན་ཕུལ་བ་རེད།

བདུན་པ། རྒྱལ་དབང་སྐུ་ཕྲེང་བདུན་པ་ནི་བཀའ་གདམས་གོང་མའི་རྣམ་ཐར་སྐྱོང་མཁན་གྱི་དགེ་སློང་ཚད་ལྡན་ཞིག་རེད། ཁོང་གིས་ཐུགས་སེམས་རྩེ་གཅིག་ཏུ་ཞོགས་པ་ནས་དགོང་མོའི་བར་དུ་ལམ་རིམ་བློ་སྦྱོང་སོགས་ཉམས་ལེན་གནང་བ་དང་། ཉི་མ་རེ་རེར་ཡོན་ཆབ་ལྔ་བརྒྱ་ལྷག་ཕྱག་བསྟར་ནས་འབུལ་བ། དེ་བཞིན་བརྐྱངས་ཕྱག་འཚལ་རྒྱུར་ཡང་ཐུགས་མོས་ཆེན་པོ་ཡོད་པའི་ཉམས་ལེན་པ་ཚད་ལྡན་ཞིག་གནང་བ་མ་གཏོགས། རྒྱལ་དབང་ལྔ་བ་དང་བཅུ་གསུམ་པ་བཅུ་བཞི་པ་བཞིན་ཆོས་སྲིད་གཉིས་ཀའི་ཕྱག་ལས་གནང་མེད། འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱིས་བཀའ་བློན་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱངས་པ་དེས་ཁོང་གི་དམ་པ་ཆོས་ཀྱི་སྐུ་ཚེ་ཞི་བདེ་ཅན་དེར་མཐུན་རྐྱེན་ཆེན་པོ་ཞིག་བསྐྲུན་ཡོད་ན་ཡང་། ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་རླུང་དང་ཆུ་ཐིགས་བཞིན་ཕྱོགས་གང་ས་ནས་ཕོ་བྲང་པོ་ཏ་ལའི་སྒོ་དང་སྒེའུ་ཁུང་གང་ས་གང་ནས་ནང་དུ་འཛུལ་ཡོང་བ་རེད། རྗེ་འདི་དང་བཀའ་བློན་ཕོ་ལྷ་བ་སོགས་ཀྱི་བར་དུ་ཡང་བདེན་རྫུན་གྱི་དཀྲུགས་ཤིང་མང་པོ་ཞིག་བྱུང་བ་དང་། གཞན་ཕྱི་ཕྱོགས་ནས་ཀྱང་སིམ་འཛུལ་དོན་རྐྱེན་གང་མང་ཞིག་བྱུང་བའི་དབང་གིས། དགེ་སློང་ཉམ་ཆུང་འདིས་ནམ་ཞིག་རྐྱེན་ངན་ཚབས་ཆེན་ཞིག་བྱུང་ན་འཇིག་རྟེན་འདིར་ཆེས་རྩ་ཆེ་བའི་དངོས་པོ་ཞིག་ཡོད་པ་ནི་དམ་པའི་ཆོས་སྒྲུབ་སྤྱད་ཀྱི་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་པས། རིན་པོ་ཆེ་འདི་སྲུང་སྐྱོབ་ཀྱི་ཆེད་དུ་ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་འདི་ཆུ་མ་ཡོང་གོང་གི་རགས་རྒྱག་གི་ཆེད་དུ་ཇུས་འགོད་བཟོ་སྐྲུན་གནང་བ་ཞིག་ཀྱང་ཡིན་སྲིད།

བརྒྱད་པ། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་དུས་སུ་བོད་ལ་སྲིད་འགྱུར་རམ་དུས་འགྱུར་མང་པོ་ཞིག་བྱུང་བ་སྟེ། ནང་ཁུལ་བཀའ་བློན་དག་གི་ཁྱོད་ཤི་ང་གསོན་གྱི་འགལ་ཟླ་དང་། ཕྱིའི་གོར་ཁའི་དམག་དཔུང་བོད་དུ་ལྷགས་ཏེ་བོད་ཀྱི་རྫོང་གཞིས་མང་པོ་ཞིག་འཕྲོག་བཟུང་བྱས་པས། སྲིད་ཕྱོགས་ཀྱི་དམག་གྲངས་དང་མཚོན་ཤུགས་ཧ་ཅང་ཞན་པའི་བོད་ཀྱི་བླ་མ་འདི་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། རབ་བྱུང་ན་གོར་དམག་བོད་ནས་མཐར་སྐྲོད་གཏོང་ཐུབ་པ་ཞིག་དང་། དེ་མ་བྱུང་བར་གོར་དམག་བོད་དབུས་ཁུལ་ལྷ་ས་བར་དུ་བསླེབས་ཚེ་རྒྱ་ནག་དང་སོག་པོའི་ཡུལ་ལྟ་བུ་ཞིག་ཏུ་སྲིད་དོན་སྐྱབས་བཅོལ་ལ་འགྲོ་རྒྱུ་དེ་ལས་ལྷག་པའི་གདམས་ཀ་ཞིག་མ་རྙེད་པས། ཁོང་དང་བཀའ་བློན་ཚོས་གསང་བའི་སྒོ་ནས་པོ་ཏ་ལའི་ས་འོག་དོང་ལམ་འདི་བྲུས་པ་ཞིག་ལོས་ཡིན་བསམས།

དགུ་པ། ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་ཏྰ་ལའི་བླ་མ་སྐུ་ཕྲེང་དགུ་བ་དང་བཅུ་བ། བཅུ་གཅིག་པ་དང་བཅུ་གཉིས་པ་བཅས་སྐུ་ཕྲེང་ན་རིམ་བཞི་སྐུ་ན་ཧ་ཅང་ཆུང་དུས་སུ་གློ་བུར་གློ་བུར་དུ་སྐུའི་མེ་ཏོག་ཡལ་ལུགས་འཁོད་འདུག་ཅིང་། ངག་རྒྱུན་དུ་ལྷ་སའི་སྐུ་དྲག་སྲིད་དོན་པ་ཚོས་རང་རང་གི་དགོས་འདུན་སྒྲུབ་ཆེད་ལྐོག་ཏུ་གཤེད་མ་བཏང་ནས་སྐུ་ན་གཞོན་པའི་ཏྰ་ལའི་བླ་མ་འདི་དག་གི་མགུལ་བར་དར་རམ་ཁ་བཏགས་བརྫངས་ནས་བཀྲོངས་ཚུལ་ཞིག་ཁྱབ་འདུག འདི་ནི་འཛམ་གླིང་རྒྱལ་རབས་ཕལ་མོ་ཆེའི་ནང་དུ་ཡང་ཡང་བྱུང་བའི་དོན་རྐྱེན་ཞིག་ཡིན། དཔེར་ན་རྒྱ་ནག་གི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཞེས་པའི་དེབ་དེ་ཚོར་ལྟ་དུས། ལོ་ན་ཆུང་བའི་གོང་མ་མང་པོ་ཞིག་རང་གི་གཉེན་ཉེ་འམ་བློན་པོ་ཚོས་ལྐོག་གསོད་བཏང་བའི་ལོ་རྒྱུས་ཤིན་ཏུ་མང་ཞིང་། དཔེར་མཚོན་འདི་དག་གི་ཁ་བསྒྱུར་ནས་བོད་ཀྱི་ལོ་རྒྱུས་ལ་སྦྱར་ན་ཡང་དོན་རྐྱེན་འདི་འདྲ་ཅུང་མང་པོ་ཞིག་བྱུང་འདུག དེར་བརྟེན་སྐབས་དེའི་སྲིད་དོན་པ་སྡིག་ཅན་དེ་ཚོས་པོ་ཏ་ལའི་ས་འོག་དོང་ལམ་འདི་འབྲུ་དགོས་པའི་རྒྱུ་མཚན་ཡང་སྐུ་ན་གཞོན་པའི་ཏྰ་ལའི་བླ་མ་སྐུ་ཕྲེང་བཞི་ཀ་ལྐོག་ཏུ་བཀྲོང་བདེ་བའི་ཕྱིར་ཡིན་ཞིང་། ཁོ་ཚོས་དོང་ལམ་འདི་པོ་ཏ་ལའི་རྩེའི་གསོལ་ཐབ་ལྟ་བུའི་རྒྱལ་བའི་གཟིམ་ཆུང་དང་ཐག་ཧ་ཅང་ཉེ་ས་ཞིག་ཏུ་བསླེབས་པར་བྱས་ཏེ། ནམ་ཞིག་གོ་སྐབས་བྱུང་དུས་ཏྰ་ལའི་བླ་མའི་གསོལ་ཚིགས་ནང་དུ་དུག་ཆེན་འདེབ་པའམ། ཡང་ན་མཚན་དཀྱིལ་གཟིམ་ཆུང་ནང་དུ་འཛུལ་ནས་དགུང་ལོ་ཆུང་བའི་བྱིས་པ་ཏྰ་ལའི་བླ་མ་འདི་དག་གི་མགུལ་དུ་ཁ་བཏགས་བརྫངས་ནས་ལྐོག་ཏུ་བཀྲོངས་རྗེས་སུས་ཀྱང་མི་ཚོར་ས་འོག་དོང་ལམ་བརྒྱུད་ནས་ལྷ་ས་གྲོང་ཁྱེར་དུ་ཕྱིར་ལོག་བྱས་ཡོད་སྲིད།

བཅུ་པ། དུས་རབས་བཅུ་དགུ་པར་འཛམ་གླིང་དུ་དམངས་གཙོ་དང་རང་དབང་གི་སྲིད་འགྱུར་མང་པོ་ཞིག་བྱུང་ཞིང་། དེའི་རྗེས་དུས་རབས་ཉི་ཤུ་བར་དམར་པོའི་སྲིད་འགྱུར་དང་འཛམ་གླིང་འཁྲུག་ཆེན་སྔ་རྗེས་སོགས་འགྲོ་བ་མིའི་རིགས་ཀྱི་ཞི་བདེའི་ལོ་རྒྱུས་ལ་དམར་པོ་ཁྲག་གིས་གཏམ་རྒྱུད་རིང་ཐུང་མང་པོ་ཞིག་བྲིས། བོད་ནི་རྒྱ་ནག་དང་ར་ཤི་ཡ། དབྱིན་ཇི་དང་ཨ་རི་སོགས་རྒྱལ་ཁབ་མང་པོ་ཞིག་གི་མིག་ནང་གི་ནོར་བུར་གྱུར་ཏེ། རྒྱལ་ཁབ་དེ་དག་གིས་བོད་འདི་མི་སེར་སྤེལ་ཡུལ་དང་ཚོང་ལམ། དམག་ལམ་དང་སྲིད་ལམ་སོགས་སུ་བེད་སྤྱོད་གཏོང་སེམས་ཀྱིས་སྦྱོར་བ་འདྲ་མིན་ཞིག་བརྩམས། སྐབས་དེའི་བོད་ལ་མཚོན་ན་འཇིག་རྟེན་གྱི་ཟང་ཟིང་ལས་རིང་དུ་གྱེས་དགོས་པ་དེ་གཞི་རྩའི་དམ་བཅའ་ཡིན་ཞིང་སྐུ་ལ་ཆོས་གོས་ངུར་སྨྲིག་མནབས་པའི་བླ་མ་ཞིག་སྲིད་ཁྲིའི་སྟེང་དུ་རྒྱལ་པོ་ལྟ་བུར་བཞུགས། རང་དོན་ཁོག་བཅུག་གི་བློན་པོ་དུ་མས་གཡས་གཡོན་ནས་རང་རང་གི་ཁེ་ཕན་བསྒྲུབས། འབངས་མི་སེར་ནི་ཁྲལ་དང་འུ་ལག་གིས་མནར། མདོ་སྟོད་སྨད་གཉིས་ཀྱི་མངའ་ཐང་ཕལ་མོ་ཆེ་ཞིག་དབུས་གཞུང་དང་སྲིད་ཕྱོགས་ནས་ཡོངས་སུ་ཁ་བྲལ། སྟོད་ནས་རྒྱ་གར་དབྱིན་གཞུང་གིས་དེང་རབས་གོ་མཚོན་ལྡན་པའི་དམག་དཔུང་མངགས་ཏེ་བོད་ཀྱི་དཔོན་དམག་མང་པོ་དམར་བསད་བཏང་། སྨད་ནས་ལུའུ་ཅུན་རྒྱ་དམག་ཅེས་པའི་ཡ་ང་སྙིང་རྗེ་མེད་པའི་དཔུང་དམག་ཞིག་གིས་དགོན་པ་མེར་བསྲེགས། མི་དམངས་སེར་སྐྱ་སྟོང་ཕྲག་དུ་མའི་མགོ་བཅད། བོད་འདི་རླུང་ནང་གི་མར་མེ་ལྟ་བུར་འཐོར་ལ་ཁད་དང་ཡལ་ལ་ཁད་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར། སྐབས་དེའི་དབྱིན་ཇི་དང་རྒྱ་ནག་གི་དམག་དཔུང་གིས་ཐད་ཀར་ལྷ་སར་དཔུང་འཇུག་བྱས་པས། ཏྰ་ལའི་བླ་མ་དང་ཁོང་གི་སྐུ་འཁོར་ཚོར་མཚོན་ན་ས་འོག་དོང་ལམ་འདི་བརྒྱུད་ནས་རྒྱ་སོག་གི་ཡུལ་ལ་སྐྱབས་བཅོལ་དུ་ཕེབས། ས་འོག་དོང་ལམ་འདི་བརྒྱུད་ནས་རྒྱ་གར་རྡོ་རྗེ་གླིང་ལ་སྐྱབས་བཅོལ་དུ་ཕེབས་པ་མ་ཡིན་ནམ།

བཅུ་གཅིག་པ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་རྒྱལ་དར་གྱི་ངོས་སུ་ནམ་ཡང་ཉི་འོད་ཡལ་མ་མྱོང་བར་གྲགས་པའི་འཛམ་གླིང་ལོ་རྒྱུས་སྟེང་གི་དབྱིན་ཇི་བཙན་རྒྱལ་ཆེན་མོའི་རྒྱལ་ཁབ་ཀྱི་མངའ་ཐང་ཆེས་ཆེར་དར་བ་དེའི་སྲིད་ཤུགས་ཀྱང་མི་རྟག་སྒྱུ་མའི་རྨི་ལམ་དང་འགྲོགས་ནས་ཆུང་ནས་ཆུང་དུ་ཕྱིན་པ་དང་། ཁོ་ཚོས་བཙན་བཟུང་བྱས་པའི་རྒྱལ་ཁབ་རེ་རེ་བཞིན་རང་བཙན་གཙང་མའི་གོ་སྐབས་ཐོབ། བོད་ལ་མཚོན་ན་ལོ་ངོ་བཅུ་ཕྲག་རེ་ཟུང་ལ་སྲིད་ཕྱོགས་ནས་རེ་ཞིག་ངལ་གསོའི་དབུགས་དབྱུངས་བསྟེན་པའི་དུས་ཚོད་བཟང་པོ་ཞིག་ཤར་ན་ཡང་། སྤྱི་ལོ་ ༡༩༥༩ ལོར་ཡུན་ཐུང་ཞི་འཇམ་གྱི་རྨི་ལམ་དེ་ཐལ་བ་རྡུལ་དུ་ཞིག་ཅིང་མི་རྟག་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་གྱུར། ལོ་ན་ཆུང་བའི་བླ་མ་ཆེས་ཞི་དུལ་ཅན་ཞིག་དང་ནང་བསྟན་སློབ་གཉེར་གྱི་དབུ་བཙུགས་ནས་ཅང་མ་འགོར་བ་ཞིག་བཙན་གྱིས་རྒྱུ་ཆ་གསེར་ནག་སྦྱང་རྡུང་ལས་གྲུབ་ཀྱང་འཐོར་ལ་ཁད་དང་འཇིག་ལ་ཁད་ཀྱི་སྲིད་སྟེགས་རྫོབ་རོ་ཞིག་གི་སྟེང་དུ་བསྐྱལ་ནས་སླར་ཡང་གཉིད་སྐྱིད་པོ་ཞིག་ཁུག་ཐུབ་པའི་རེ་སྟོང་བཅངས། ཡིན་ན་ཡང་། བསྐལ་བ་ཆགས་ནས་བཟུང་སྟེ་འཁོར་བའི་འཁོར་ལོ་ཆེན་པོ་དེ་ནམ་ཡང་འཁོར་མཚམས་འཇོག་མ་མྱོང་བས། རྭ་སྟག་གི་དོན་རྐྱེན་ཞེས་པའི་དགྲ་དགའ་གཉེན་སྡུག་གི་དམར་འཛིང་ཡ་ང་བ་ཞིག་བྱུང་། སྟག་བྲག་ཕྱོགས་ཁག་གིས་པོ་ཏ་ལའི་ས་འོག་དོང་ལམ་འདི་བརྒྱུད་ནས་རྭ་སྒྲེང་རིན་པོ་ཆེ་བཀྲོང་མཁན་གྱི་གཤེད་མ་ཚོ་ཤར་ཆེན་ལྕོགས་ཞེས་པའི་མཐོ་རིམ་བཙོན་པ་འཇུག་སའི་གཤིན་ཁང་སྐྱ་མོ་དེའི་ནང་དུ་གསང་བའི་སྒོ་ནས་བོས་པ་ཡིན་ཆོག སྤྱིར་ན་རྒྱལ་པོ་རྭ་སྒྲེང་ཡང་ས་འོག་དོང་ལམ་འདི་ལ་ཆ་རྒྱུས་ཆེ་ཞིང་། ཁོང་གིས་རང་ཉིད་ཉེན་ཁའི་ནང་དུ་ཚུད་པ་མཁྱེན་རྗེས་ས་འོག་དོང་ལམ་འདི་བརྒྱུད་ནས་བྲོས་བྱོལ་དུ་འགྲོ་རྒྱུའི་གྲ་སྒྲིག་བྱས་ན་ཡང་། ཁོང་གི་གསང་ཇུས་དེ་སྟག་བྲག་ཤོག་ཁའི་གསང་ཉུལ་བས་ཅང་མ་འགོར་བར་རྟོགས་པ་ལ་བརྟེན་ནས་ཁོང་རང་གི་དགོན་པ་རྭ་སྒྲེང་དུ་བསྐྱོད་པ་ལས་གདམས་ཀ་གཞན་མེད་པར་གྱུར་པ་རེད།

དེའི་རྗེས་སུ་ཆུ་བཞི་སྒང་དྲུག་གིས་ལྷོ་ཁ་གྲི་གུ་ཐང་དུ་དམག་སྒར་བརྒྱབ་ནས་རྒྱ་འཛིང་བྱེད་དུས། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་གསང་བའི་ལས་བྱེད་ཁག་ཅིག་ཀྱང་ས་འོག་དོང་ལམ་འདི་བརྒྱུད་ནས་ཕོ་བྲང་པོ་ཏ་ལའི་ནང་དུ་ཡོང་སྟེ་མགྲོན་གཉེར་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་ལ་འབྲེལ་བ་བྱས་ནས་སྐབས་དེའི་དོན་དག་མང་པོ་ཞིག་བསྒྲུབས་པ་རེད། དེ་བཞིན་རྗེས་སུ་སྐུ་མདུན་ཕོ་བྲང་པོ་ཏ་ལ་ནས་ཆིབས་ཞལ་བསྒྱུར་བའི་དགོང་མོ་དེར་ཡང་ཁོང་སྐུ་འཁོར་ཉུང་བསྡུས་ཤིག་ས་འོག་དོང་ལམ་འདི་བརྒྱུད་ནས་ར་མ་སྒང་གི་གྲུ་ཁ་བར་དུ་ཉེ་ཞོ་ཅི་ཡང་མེད་པར་ཕེབས་ཐུབ་པ་ཞིག་བྱུང་བ་རེད་ཅེས་བརྗོད་ན་ཡང་ཨེ་ཆོག དེའི་རྗེས་སུ་བོད་ཀྱི་སྐུ་ཚབ་སྔ་རྗེས་བོད་དུ་ཕེབས་མཁན་རེ་ཟུང་ཞིག་གིས་ས་འོག་དོང་ལམ་འདི་བརྒྱུད་ནས་ཕོ་བྲང་པོ་ཏ་ལའི་ནང་དུ་འཛུལ་ཏེ། སྤྱི་ལོ་༡༩༥༩ ལོར་འཁྱེར་མ་ཐུབ་པའི་གསང་བའི་ཡིག་ཆ་མང་པོ་ཞིག་དང་ལྷ་རྟེན་ཆོས་གསུམ་རིན་ཐང་བྲལ་བ་ཁག་ཅིག་རྒྱ་གར་ལ་འཁྱེར་ཐུབ་པ་བྱུང་བ་རེད་ཅེས་ཀྱང་བརྗོད་ན་ཨེ་ཆོག

བསྐྱར་བཅོས།: ༢༠༡༩/༠༤/༡༠

Leave a Reply

7 thoughts on “ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་གྱི་གསང་བ།

  1. གཞུང་པ་ཚེ་དབང་བསོད་ནམའ་

    བོད་རྒྱལ་ཁབ་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་
    རྒྱ་མིའི་ལག་ཏུ་ཤོར་ནས་ད་འཇོན་རབས་དང་བཏང་
    རབས་མང་པོ་བཤད་ནས་གང་ཕན་ཧཧཧ

  2. ལོ་རྒྱུས་དང་སྒྲུང་གཉིས་ངོ་བོ་ཐ་དད་རེད། ཁྱོད་དཔོན་རྒན་ཡིན་རིན་ཆོག་འདུག དེ་འདྲ་རྐྱང་རྐྱང་བྲིས་པས་དེང་སང་ཁྱེད་དཔོན་རྒན་དང་དཔོན་རྒན་ཚོའི་ཆོས་ལ་ཡིད་བརྟན་མེད་པར་གྱུར་བ་རེད།