གཞིས་གྲོང་བདུན་པ་སྒོ་འབྱེད་གནང་།

དེ་རིང་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་ཁོངས་སུ་གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་ ༨༠ སྒོ་འབྱེད་གནང་སྟེ་གཞིས་གྲོང་བདུན་པ་བཟོས་ཡོད་འདུགབོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་ཁོངས་སུ་གསར་རྒྱག་གནང་བའི་གསར་འབྱོར་བོད་མིའི་ཁང་པ་ ༨༠ ལེགས་འགྲུབ་བྱུང་སྟེ། དེ་རིང་སྔ་དྲོར་སྒོ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་ནང་སྲིད་དྲུང་ཆེ་དབང་འདུས་ལགས་དང་། ལྷོ་སྤྱི་དང་སྦེལ་ཀོབ་ལུགས་བསམ་གཞིས་མགོ་གཅིག་ལྕོགས་ཆོས་འཕེལ་ཐུབ་བསྟན་ལགས། སྦེལ་ཀོབ་གཞིས་ཆགས་ཀྱི་ཉེ་འཁྲིས་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། གཞིས་གྲོང་ཁག་གི་མི་མང་། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་དང་སྦེལ་ཀོབ་ས་གནས་གསར་འབྱོར་བོད་མི་རྣམ་པ་བཅས་འཛོམས་ཐོག བཀྲིས་ལྷུན་པོ་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་སྡོད་ཁང་གསར་པར་རབ་གནས་དང་བཀྲིས་པའི་ཤིས་བརྗོད་གསུང་འདོན་བཅས་གནང་སྟེ། སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་ལགས་ནས་སྡོད་ཁང་གསར་པ་དབུ་འབྱེད་གནང་སོང་བ་དང་། གསར་འབྱོར་བོད་མིའི་སྡོད་ཁང་གསར་པའི་མིང་ལ་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་བདུན་པ་ཞེས་བཏགས་ཡོད་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལགས་ཀྱིས་གསར་འབྱོར་བོད་མིར་སྡོད་ཁང་གསར་རྒྱག་གལ་ཆེན་ཡིན་སྐོར་བརྗོད་པ་དང་འབྲེལ། སྡོད་ཁང་གསར་རྒྱག་ཆེད་ཨ་རིའི་(PRM)རོགས་ཚོགས་བརྒྱུད་ནས་སྡོད་ཁང་ ༤༣ གྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་། སི་པན་བོད་ཀྱི་ཁང་པ་བརྒྱུད་ནས་སྡོད་ཁང་ ༡༥ དང་། (Les Amis du Tibet)ཞེས་པའི་རོགས་ཚོགས་བརྒྱུད་ཡུ་རོབ་རྒྱལ་ཁབ་(Luxembourg)གཞུང་གིས་སྡོད་ཁང་ ༡༤ ། དེ་བཞིན། བོད་མིའི་སྒྲིག་འཛུགས་ངོས་ནས་སྡོད་ཁང་༨ དང་ཕྱིའི་ར་སྐོར། ཆུ་དང་གློག ལམ་བཅས་ཀྱི་མཐུན་འགྱུར་གནང་སྟེ། སྦེལ་ཀོབ་གསར་འབྱོར་བོད་མིར་སྡོད་ཁང་ཁྱོན་ ༨༠ འཛུགས་སྐྲུན་ཐུབ་ཡོད་པ་དང་། དེ་དག་ལ་འགྲོ་གྲོན་ཁྱོན་བསྡོམས་ཧིན་སྒོར་ ༦༡༢༤༩༩༥༡ སོང་ཡོད་སྐོར་བརྗོད་སོང་།

སྡོད་ཁང་ཚོང་སྒྱུར་བྱེད་མི་ཆོག་པའི་སྐོར་ལ་ཁོང་གིས། བྱེས་འབྱོར་བོད་མིའི་སྡོད་ཁང་གསར་པའི་ནང་གློག་གི་འབྲེལ་མཐུད་ཡོངས་སུ་ཚར་མེད་པ་རྣམས་འདི་ལོའི་ཕྱི་ཟླ་ ༥ ནང་ལེགས་འགྲུབ་ཐུབ་རྒྱུའི་དམིགས་ཚད་འཛིན་བཞིན་ཡོད་པ་དང་། གལ་སྲིད་སྡོད་ཁང་ཐོབ་པའི་ཁྱིམ་ཚང་གང་རུང་ཞིག་ས་གནས་གཞན་ལ་གནས་སྤོར་བྱས་ཚེ་སྡོད་ཁང་ཚོང་སྒྱུར་དང་ནང་ཁུལ་སྤྲོད་ལེན་བྱེད་པ་སོགས་གཏན་ནས་མི་ཆོག་པར་ས་གནས་མགོ་འཛིན་ལས་ཁུངས་ལ་རྩིས་སྤྲོད་ཕྱིར་དགོས་པ་མ་ཟད། དེ་དོན་ཁྲིམས་ཐོག་ནས་ཡིག་ཆ་ཁག་ཀྱང་གཏན་འབེབ་གནང་འཆར་ཡོད། ཅེས་བརྗོད་སོང་།སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་གྱིས་གསར་འབྱོར་བོད་མིའི་སྡོད་ཁང་གསར་སྐྲུན་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་ད་ལྟའི་གནས་བབ་ངོ་སྤྲོད་གནང་སྐབས། གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྦེལ་ཀོབ་གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་དག་ཕྱི་ལོ་ ༢༠༡༤ ཙམ་ནས་ལས་གཞི་མགོ་འཛུགས་གནང་ཡོད་ཀྱང་། ཕྱི་ལོ་༢༠༡༦ ལོར་ཨར་ལས་ཀྱི་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཡོད་པ་དང་། ཨར་ལས་ཀྱི་འགན་ཁུར་གཙོ་བོ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁུངས་ནས་འཁུར་ཡོད་ལ། འདས་པའི་ལོ་ངོ་ ༥ ཙམ་རིང་ས་གནས་མགོ་འཛིན་རིམ་པ་གསུམ་གྱིས་མཇུག་སྐྱོང་གནང་ཡོད་སྐོར་བརྗོད་སོང་།

ལེགས་འགྲུབ་བྱུང་བའི་ཁྱིམ་ཚང་༨༠ ཡི་སྡོད་ཁང་ལ་རྒྱ་ཁྱོན་རིམ་པ་མི་འདྲ་བ་གསུམ་དུ་ཕྱེས་ཏེ། མི་ཁེར་རྐྱང་གི་སྡོད་ཁང་ ༡༧ དང་། ནང་མི་གཉིས་ནས་བཞི་ཅན་ལ་སྡོད་ཁང་ ༥༣། ནང་མི་ལྔ་ནས་བརྒྱད་ཅན་ལ་སྡོད་ཁང་༡༠ བཅས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༤/༡༠

Leave a Reply

2 thoughts on “གཞིས་གྲོང་བདུན་པ་སྒོ་འབྱེད་གནང་།

  1. གཞིེས་ཆག་ནང་ཁང་སྟོང་མང་དག་གཅིག་བཞགས་ནས། དོན་མེད་ཁང་པ་གསར་པ། ནང་ལ་རྩམ་པ་མེད་པར་སྒེའུ་ཁུང་རྩམ་རལ་ཡོག་ཡོག།

  2. ཁང་པ་བགོ་སྟངས་ཀྱི་ཐད་ནས་དང་པོ་གསར་འབྱོར་ཡིན་ཡང་བཟའ་ཟླ་གཞིས་ཆཊ་ཡིན་བ་ཁང་པ་ལེན་པའི་ཐོབ་ཐང་མེད་ཚུལ་སོགས་གླེང་གི་འདུག་མོད། དོན་དངོས་ལ་ཐུག་དུས་བཟའ་ཟླ་གཞིས་ཆགས་ཡིན་པ་མ་ཟད། གཞིས་གྲོང་ན་སྒེར་ལ་བདག་པའི་ཁང་པ་ཡོད་མཁན་ལ་ཡང་ཁང་པ་ཐོབ་ནས་ཁང་གསར་ནང་སྤོར་ཟིན་འདུག་པས། ཡང་སྐུ་ངོ་ཚོས་རྫོབ་རྟགས་སྟོན་གྱི་ཡོད་པ་བཤད་མ་དགོས་པ་རེད།

    ལྷག་པར་དུ་རྡོ་རྗེ་ཟེར་བའི་གཞིས་མགོ་ལས་ཁུངས་ཀྱི་རྒད་པོ་དེས་སྐྱབས་བཅོལ་ལག་ཁྱེར་བཟོ་མཁན་ཚོ་ལས་ལྐོག་ཟ་བྱེད་ཀྱི་ཡོད་པའི་གཏམ་མང་པོ་གོ་རྒྱུ་འདུག