དོམ་ཁྲའི་ཕྱི་འབྲེལ་སྲིད་བྱུས་ལ་ངོ་རྒོལ་བྱས།

རྒྱ་ནག་གཞུང་གིས་ཌན་མག་གཞུང་ལ་མཚོན་དོན་རང་བཞིན་གྱི་དོམ་ཁྲ་ཕོ་མོ་གཉིས་སྤྲད་དེ་འབྲེལ་ལམ་ཡར་རྒྱས་གཏོང་གི་ཡོད་པ་དེར་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་གིས་ངོ་རྒོལ་བྱས་འདུགཌན་མག་གཞུང་ནས་རྒྱ་ནག་གཞུང་གི་དོམ་ཁྲའི་ཕྱི་འབྲེལ་སྲིད་བྱུས་དྭང་ལེན་བྱས་ཏེ། ཌན་མག་གཞུང་ནས་དོམ་ཁྲ་གསོ་སྐྱོང་ར་བའི་ཆེད་ཨ་སྒོར་ས་ཡ་ ༢༤ ཙམ་བཏང་བ་སོགས་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་བཞིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཉིན་ ༢ རིང་ཌན་མག་གི་རྒྱལ་ས་ཁོ་བྷན་ཧཱ་གྷན་ (Copenhagen) དུ། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

རྒྱ་ནག་གཞུང་གིས་ཌན་མག་དང་འབྲེལ་ལམ་ཡག་པོ་ཡོང་ཆེད་མཚོན་དོན་རང་བཞིན་གྱི་དོམ་ཁྲ་ཕོ་མོ་གཉིས་སྤྲད་ཡོད་པ་དང་། ལོ་ ༥ ཅན་གྱི་དོམ་མོ་དེའི་མིང་ལ་མའོ་སུན་ (Mao Sun) དང་། ལོ་ ༦ ཅན་གྱི་ཕོ་དེའི་མིང་ལ་ཤིན་ཨར་ (Xing Er) ཟེར་གྱི་ཡོད་པ་དང་། མ་འོངས་ལོ་ ༡༥ ནང་ཚུད་དུ་དོམ་ཕྲུག་སྐྱེས་ཚེ་རྒྱ་ནག་ལ་བདག་པ་དང་། ལོ་དུས་དེའི་རྗེས་ཀྱི་དོམ་ཕྲུག་རྣམས་ཌན་མག་གཞུང་ལ་བདག་གི་ཡོད་འདུག

ཌན་མག་གཞུང་ནས་རྒྱ་ནག་གི་ལེགས་སྐྱེས་སུ་སྤྲད་པའི་དོམ་ཁྲ་གཉིས་ཀྱི་ཆེད། རྒྱལ་ས་ཁོ་བྷན་ཧཱ་གྷན་གྱི་གཅན་གཟན་ཁང་དུ་གསོ་སྐྱོང་ར་བ་གསར་པ་ཞིག་བཟོས་ཏེ། ཁ་སང་ཡུལ་དེའི་རྒྱལ་མོ་མར་གྷེ་རེ་ཐི་ (Margrethe) ཡིས་སྒོ་འབྱེད་བྱས་ཡོད་པ་དང་། སྒོ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་དུ་ཡུལ་དེའི་རྒྱ་ནག་གི་གཞུང་ཚབ་མ་ཏེང་དབྱིང་ (Deng Ying) ཡང་སྐད་བཏང་ཡོད་འདུག

ངོ་རྒོལ་ནང་ཞུགས་པའི་ཨེ་ལེག་ཛན་ཌར་པི་ཡོན་ཇན་སན་ (Alexander Bjorn Jensen) ཟེར་བ་ཞིག་གིས་ངོ་དེབ་སྟེང་། དེ་རིང་དོམ་ཁྲ་གཉིས་མི་ཚོགས་ཁྲོད་བསྟན་ཡོད་པས། ང་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་བཟུང་ནས་གཅན་གཟན་ཁང་དུ་ངོ་རྒོལ་བྱས་པ་ཡིན། དོམ་ཁྲ་ཡིས་འཛམ་གླིང་ནང་རྒྱ་ནག་གི་བཙན་ཤེད་བྱེད་ཀྱིན་པ་མཚོན་གྱི་ཡོད་པ་མ་ཟད། རྒྱ་ནག་གིས་ཡུ་རོབ་དང་ནུབ་ཕྱོགས་སུ་དབང་ཤུགས་འཕེལ་ཐབས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་ཀྱི་རྒྱལ་དར་གྱིས་གདུག་རྩུབ་ཆེ་བའི་རྒྱ་ནག་དམར་ཕྱོགས་དང་། དེའི་མི་མང་གི་དཀའ་སྡུག་མཚོན་གྱི་ཡོད་པ་རེད། ཉིན་ལྟར་བོད་མི་ཚོས་རང་སྲོག་བཏང་སྟེ་རང་དབང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ལ། ང་ཚོས་ཁོང་ཚོའི་གནད་དོན་ཐད་ཁ་གྲགས་རྒྱུ་ནི་འགན་ཡིན་པས། ང་ཚོས་བོད་ཀྱི་རྒྱལ་དར་བཟུང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བརྗོད་འདུགརྒྱ་ནག་གཞུང་གིས་དོམ་ཁྲ་རྒྱལ་ཁབ་གཞན་དུ་ལག་རྟགས་སུ་སྤྲོད་པ་ནི་རྒྱལ་ཁབ་ཀྱི་མཛའ་འབྲེལ་མཚོན་བྱེད་དང་སྨོན་འདུན་ལེགས་པོ་ཞུ་ཆེད་དུ་ཡིན་པ་དང་། ད་ལྟ་ཁོ་བྷན་ཧཱ་གྷན་གྱི་གཅན་གཟན་ཁང་ནི་འཛམ་གླིང་ནང་གཅན་གཟན་ཁང་ཁྲི་ ༡ ཙམ་ཡོད་པའི་ཁྲོད་ནས་དོམ་ཁྲ་ཡོད་མཁན་གྱི་གཅན་གཟན་ཁང་ཨང་ ༢༧ དེ་ཡིན་འདུག ཕྱི་ལོ་ ༡༩༥༨ ནས་ ༡༩༨༢ བར་དུ་རྒྱ་ནག་གཞུང་གིས་ཁྱོན་དོམ་ཁྲ་གྲངས་ ༢༣ རྒྱལ་ཁབ་ ༩ ལ་ལག་རྟགས་སུ་སྤྲད་ཡོད་པ་དང་། ཕྱི་ལོ་ ༡༩༧༢ ལོར་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིག་སོན་ (Richard Nixon) མཆོག་གིས་རྒྱ་ནག་དང་ལོ་ ༢༥ རྗེས་འབྲེལ་བ་ཐེངས་དང་པོ་འཛིན་སྐབས། རྒྱ་ནག་གིས་དོམ་ཁྲ་ ༢ སྤྲད་དེ། རྒྱ་ནག་གི་གྲགས་ཆེ་བའི་དོམ་ཁྲའི་ཕྱི་འབྲེལ་སྲིད་བྱུས་ཟེར་བར་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༡༢

Leave a Reply