༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་བར་གྲོས་ཚོགས་འཐུས་མི་ ༢༠༠ ཡིས་རྒྱབ་སྐྱོར་གནང་།

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༢༠༠ རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་ལམ་ཞུ་དགོས་པའི་ཞུ་ཡིག་ཕུལ།

ཁ་སང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤན་ཐ་ཀུ་མུར་(Shanta Kumar)མཆོག་ནས་གསལ་བསྒྲགས་གནང་བ་ལྟར་ན། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་ནང་སྲིད་བློན་ཆེན་རཱ་རྗི་ནཱ་ཋི་སཱན་(Rajnath Singh)མཆོག་ལ་ཞུ་ཡིག་ཕུལ་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ན་(Bharat Ratna)འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཞུ་ཡིག་དེ་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ཡིས་རྒྱབ་སྐྱོར་མཚན་རྟགས་བརྒྱབས་ཡོད་འདུག

རྒྱ་གར་ཊིར་བྷོན(Tribune)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གསལ་འགོད་གསལ་བསྒྲགས་སྟེང་སྤྱི་ཁྱབ་བློན་ཆེན་ཤན་ཐ་ཀུ་མུར་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ཀྱི་འཐབ་རྩོད་དེ་ཞི་བའི་ཐོག་ནས་གནང་ཡོད་པ་དང་། ཁོང་གི་མཛད་འཕྲིན་ལ་འཛམ་གླིང་ཡོངས་ནས་བསྔགས་བརྗོད་དང་ཆེ་བསྟོད་ཞུ་བཞིན་ཡོད་པ་ལྟར།  ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་དགོངས་པ་ཆེར་བཞེས་ཀྱིས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་ཁོང་ཉིད་ལ་འབུལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད་པ་རེད། ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ཡི་ཚ་བོ་དང་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་གྷོ་པལ་ཁི་རེ་ཤི་ནཱ་གྷན་དྷི(Gopal Krishna Gandhi)མཆོག་གིས། ཧིན་རྡུའི་སྐད་ཡིག་ནང་ཏཱ་ལའི་བླ་མ་ནི་རྒྱ་གར་ལ་ཉེ་བར་མཁོ་བ་ཞིག་ཡིན་ཞེས་པའི་བསམ་ཚུལ་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་གར་གཞུང་གིས་རྒྱ་ནག་གི་གནོན་ཤུགས་དང་སྡིགས་ར་ལ་མ་འཛེམས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མགྱོགས་མྱུར་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་སྐོར་གསུངས་ཡོད་འདུག

དེ་བཞིན་སྐུ་ཞབས་གྷོ་པལ་ཁི་རེ་ཤི་ནཱ་གྷན་དྷི་མཆོག་གི་བསམ་ཚུལ་རྩོམ་ཡིག་དེ་དང་འབྲེལ་ཏེ། རྒྱ་གར་བྱང་ཕྱོགས་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱ་ཊི་ཤི་ཀོ་མཱར་(Nitish Kumar)མཆོག་གིས་སྒེར་གྱི་ཊི་ཊིར་སྤྱི་ཚོགས་དྲ་གནས་ཐོག་རྩོམ་ཡིག་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་དང་། བྱམས་པ་དང་བརྩེ་བ། མཐུན་སྒྲིལ། འཛམ་གླིང་ཞི་བདེའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐད་རྒྱ་གར་ཡུལ་འདི་གཞན་དང་འགྲན་ཟླ་བྲལ་བ་ཞིག་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མུ་མཐུད་དེ་དག་གི་ཐད་ལམ་སྟོན་མཛད་དགོས་པ་གལ་ཆེན་པོ་ཡིན་སྟབས།  རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་ལམ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་གྲོས་གཞི་གྲོས་འཆར་དེ་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གྲོས་ཆོད་བཞག་སྟེ་དབུས་གཞུང་ལ་སྙན་སེང་ཞུས་ཡོད་པ་དང་། སྐབས་དེའི་གྲོས་ཆོད་ནང་དུ་རྒྱ་གར་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་བོར་འཛམ་གླིང་ཁྱོན་ཡོངས་སུ་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུས་པའི་ཐོག་ནས། ཁོང་ལ་རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) ཞེས་པ་དེ་འབུལ་ལམ་ཞུ་དགོས་སྐོར་བཀོད་ཡོད་པ་དང་། དེའི་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་དང་གྲགས་ཅན་མི་སྣ། སྤྱི་ཚོགས་ལས་འགུལ་བ་སོགས་ཀྱིས་གཟེངས་རྟགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་དགོས་པའི་རེ་སྐུལ་གནང་ཡོད་འདུག

རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ན་ནི་ནོར་བུ་ཞེས་པའི་དོན་ཡིན་པ་དང་། དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་ཡིན་པ་དང་། མིའི་རིགས་ཀྱི་བདེ་དོན་ཆེད་མཛད་རྗེས་རླབས་ཆེན་འཇོག་གནང་མཁན་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གནང་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༡༩༨༠ ལོར་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་ལ་ཕུལ་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥེ་རི་ཁའི་རང་དབང་འཐབ་རྩོད་པ་དང་སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལཱ་ (Nelson Mandela)མཆོག་དང་། དེ་བཞིན་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན(Khan Abdul Ghaffar Khan)། སྲིད་བློན་དམ་པ་ནེ་རོ་མཆོག་སོགས་མི་སྣ་གྲགས་ཅན་ ༤༨ ཙམ་ལ་ཕུལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༡༦

Leave a Reply

2 thoughts on “༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་བར་གྲོས་ཚོགས་འཐུས་མི་ ༢༠༠ ཡིས་རྒྱབ་སྐྱོར་གནང་།

  1. རྒྱལ་བའི་སྐུ་ལ་དོན་དམ་གནས་ལུགས་སུ།མཚན་མཐོའི་གཟེངས་བརྟག་ཕུལ་རུང་བསོད་ནམས་ཀྱི།ཚོགས་སུ་དམིགས་པ་ཙམ་གྱིས་འགྲོ་ལ་ཕན།དོན་གྱི་སླད་དུ་ཕུལ་དང་མི་ཕུལ་མེད།ཡེ་ནས་འགྲོ་བའི་རྒྱལ་པོར་འགྱུར་བ་མེད།

  2. གསེར་དང་བུང་བ་མཉམ་པའི་འཕགས་མཆོག་ལ།།
    གླིང་བཞི་ཕུན་ཚོགས་བཏབས་ཀྱང་ཅི་དགྱེས་ཏེ།།
    དེའི་ཐུགས་ལ་དགོངས་པའི་ཆོས་བཟུང་ན།།
    དམ་ཆོས་ཡོངས་སུ་འགྲུབ་པའི་ཁྱད་པར་མེད།།