བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་འཛེགས་འབབ་ཚིགས་བཀག

འདི་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་རི་འཛེགས་བྱ་བ་སྔར་ལས་ཤུགས་ཆེན་སྤེལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་འཛེགས་འབབ་ཚིགས་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུགཁ་སང་ཡུལ་སྐོར་དྲ་ཚིགས་ (Lonely Planet) ནང་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་བོད་ཕྱོགས་ཀྱི་རི་འཛེགས་འབབ་ཚིགས་སུ་ཡུལ་སྐོར་བ་འགྲོ་བར་བཀམ་སྡོམ་བྱས་ཡོད་པ་དང་། ས་ཁུལ་དེར་གད་སྙིགས་ཕོན་ཆེན་སྤུངས་བར་ཚོད་འཛིན་ཐུབ་པའི་ཆེད་དུ་ཡིན་ལུགས་བརྗོད་འདུག་ཀྱང་། ག་དུས་ཤིག་ནས་བཀག་འགོག་མགོ་འཛུགས་བྱས་ཡོད་མེད་སོགས་གསལ་པོ་མི་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན། བོད་རང་སྐྱོང་ལྗོངས་དིང་རི་རྫོང་ཇོ་མོ་གླང་མའི་དོ་དམ་ལས་ཁུངས་ཟེར་བས། ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་དགོན་ཡན་ཆོད་ཀྱི་ལྟེ་གནས་ཁུལ་དུ་ཡུལ་སྐོར་བྱེད་མི་ཆོག ཅེས་བསྒྲགས་ཡོད་པ་རེད།ཟླ་འདིའི་ཕྱི་ཚེས་ ༡ ཉིན། བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་ཀྱི་རི་འཛེགས་ཚོགས་པ་ཞེས་པ་ཞིག་གིས། འདི་ལོའི་དཔྱིད་ཀའི་བོད་ནང་གི་རི་འཛེགས་བྱ་འགུལ་མགོ་འཛུགས་ཀྱི་མཛད་སྒོ་བསྡུས་ཏེ། འདི་ལོར་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་རི་འཛེགས་ཀྱི་བྱ་འགུལ་ཤུགས་ཆེན་སྤེལ་རྒྱུ་ཡིན་ལུགས་དང་། འདི་ལོའི་དཔྱིད་ཀར་བོད་བལ་ས་མཚམས་སྐྱིད་རོང་འགག་སྒོ་ནས་ཕྱི་རྒྱལ་རི་འཛེགས་པ་དང་ཡུལ་སྐོར་བ་གྲངས་ ༡༤༤ དང་། བོད་དང་རྒྱ་ནག་ནང་ལོགས་ནས་རི་འཛེགས་པ་ ༡༢ ཡིས་སྟངས་འཛིན་དང་། བལ་ཡུལ་གྱི་ཤར་པ་རི་འཛེགས་སྣེ་ཤན་པ་ ༢༠༨ ཀྱིས་སྣེ་ཤན་གྱི་ལས་ཀ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༤ ནས་བཟུང་བལ་ཡུལ་གཞུང་གིས་རི་འཛེགས་པ་གཅིག་གིས་ཇོ་མོ་གླང་མའི་རི་འཛེགས་འབབ་ཚིགས་ནས་ཉུང་མཐར་གད་སྙིགས་སྤྱི་རྒྱ་ ༨ བསྒྲུགས་ནས་མར་འཁྱེར་ཡོང་དགོས་པའི་སྒྲིག་གཞི་ཞིག་བཟོས་ཡོད་པ་དང་། དེ་དང་འགལ་ཚེ་དངུལ་ཆད་གཅོད་ཀྱི་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བལ་ཡུལ་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་འཛེགས་འབབ་ཚིགས་སུ་གད་སྙིགས་ཊོན་ ༡༡ ལྷག་བསྒྲུག་འཆར་ཡོད་འདུག

འདས་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་། རི་འཛེགས་མཁན་གྱིས་རི་བོ་ཇོ་མོ་གླང་མའི་སྟེང་དབྱངས་རྫ་དང་ཟས་རིགས་ཀྱི་ལྕགས་ཊིན། རི་འཛེགས་ཡོ་ཆས་དང་ཆང་དམ་སོགས་གད་སྙིགས་ཊོན་ ༡༤༠ ཙམ་སྤུངས་ཡོད་པ་དང་། རི་འཛེགས་པ་ ༢༠༠ ལྷག་རི་སྒང་ནས་བར་དུ་ཕྱིན་ཏེ་ད་བར་རྙེད་སོན་མ་བྱུང་བར་ལུས་ཡོད་པ་དང་། གནམ་གཤིས་ཧ་ཅང་གྲང་བས་ཕུང་པོ་རྣམས་རང་བཞིན་ལྟར་ལྷག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༡༧

Leave a Reply