འཛམ་བུ་གླིང་གི་རིན་ཐང་བྲལ་བའི་རིན་པོ་ཆེ་ཏཱ་ལའི་བླ་མ་མཆོག

རྩོམ་པ་པོ། གོ་པཱལ་ཀྲྀཥྞ་གཱཾདྷཱི། (Gopalkrishna Gandhi) ནུབ་བྷན་གྷལ་མངའ་སྡེའི་སྲིད་སྐྱོང་ཟུར་པ།

བོད་སྒྱུར་བ། རྡོ་རྗེ་སྐྱབས། ཝར་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ།

ཀྱེེ་༧གོང་ས་མཆོག  རྒྱ་གར་དང་།  མིའི་རིགས། གཞན་ཕན་གྱི་སེམས། འཛམ་གླིང་ཞི་བདེ་དང་།  མིའི་རིགས་ཀྱི་མཐུན་སྒྲིལ་སོགས་ལ་ཁྱེད་ཧ་ཅང་མཁོ།

 ༧ཏཱ་ལའི་བླ་མ་སྐུ་བསྙུངས་བཞག

རྩོམ་ཡིག་འདི་སྨོན་སེམས་དང་སེམས་ཁྲལ་འདྲེས་མས་འབྲི་བཞིན་ཡོད།  ཁོང་དགོང་ལོ་༨༣ ལ་ཕེབས་ཟིན་པས། སྙུང་གཞི་ཕྲན་བུ་ཙམ་ཡང་སེམས་ཁྲལ་གྱི་རྒྱུར་འགྱུར་གྱིན་འདུག་པས་ཁོང་སྙུང་གཞི་ལས་གྲོལ་བར་མཛོད། ཞི་བར་མཛད་དུ་གསོལ་ཞེས་ལྷ་ལ་གསོལ་བ་འདེབས་བཞིན་ཡོད།  དེ་ནས་ཁོང་ཁོ་ནར་ཞུ་འདོད་པ་ཞིག་ཡོད་པ་ནི།  “ཀྱེ། དྲང་སྲོང་ལགས། སྐུ་ཁམས་དྭངས་གསལ་ཡོང་རོགས་མཁྱེན། བདག་ཅག་ལ་ཁྱེད་མཁོ་ཞིང་།  རྒྱ་གར་དང་།  མིའི་རིགས། གཞན་ཕན་གྱི་སེམས། འཛམ་གླིང་ཞི་བདེ་དང་།  མིའི་རིགས་ཀྱི་མཐུན་སྒྲིལ་སོགས་ལ་ཁྱེད་ཧ་ཅང་མཁོ།”

ང་ཚོས་༧གོང་ས་མཆོག་ང་ཚོའི་ཁྲོད་དུ་བཞད་མོ་བཞད་བཞིན་བཞུགས་ཡོད་པ་རྟོགས་ཀྱི་ཡོད་མོད།  མཁྱེན་པ་དེདང་། གནད་དོན་དེ་ང་ཚོས་སོ་སོའི་ཀླད་པ་དང་སེམས་ཀྱི་ཟུར་ཞིག་ལ་བཞག་བཞག་འདུག   དེ་ནི་དཔེར་ན་ཁྱིམ་ཚང་དེ་ཚོའི་སྒམ་གྱི་ནང་ལོགས་ལ་ནང་འབོལ་གོང་ཆེན་སྤྲད་ནས་འཇོག་པ་དང་། ཐུག་ཙམ་གྱིས་བྲུལ་འགྲོ་བ་དེ་འདྲའི་སྙི་མོ་མིན་ལ།  འདྲེན་ཆོག་པའི་ཚད་ཀྱི་མཁྲེགས་པོ་ཡང་མིན་པའི་རག་ཤའི་ཕྲེང་བ་ལྟ་བུ་རེད།  ཡང་ན། པར་རྙིང་བ་གང་རུང་ཞིག་དང་། ཡིག་རྙིང་གང་རུང་ཞིག་སྟེ།  དུས་སྐབས་གང་རུང་ཞིག་ལ་བྲིས་པའི་ཡིག་ཚགས་ཏེ་ད་སྔ་ཀློག་ཐབས་བྲལ་ཞིང་། རྒྱུན་གཏན་འཚོ་བའི་ཁྲོད་དུ་དགོས་པ་ཡང་དེ་ཙམ་མེད་ལ། དྲན་པའི་ཀློང་ཁོ་ནར་ཡོད་ཅིང་ཁེ་བཟང་གི་འཇིག་རྟེན་དུ་མཐོང་བཟོས་ཡོད་ཀྱང་དགོས་མཁོ་མེད་པ་དེ་ལྟ་བུ་ཞིག་ཏུ་གྱུར་འདུག  ༧གོང་ས་མཆོག་ང་ཚོས་བདག་སྐྱོང་བྱས་ཡོད་པ་རེད། ཟུར་ཞིག་ཏུ་བདག་སྐྱོང་བྱས་ཡོད་པ་རེད། བདག་སྐྱོང་བྱས་ཟེར་བ་དང་ཟུར་ཞིག་ཏུ་བྱས་ཟེར་བ་ཡིག་འབྲུ་འདི་གཉིས་བསམ་བློ་གཏོང་གཞི་ཞིག་རེད།

འུ་ཚོས་ཁོང་བདག་སྐྱོང་ངེས་པར་བྱེད་ཡོད་པ་རེད།  རྟེན་གཞི་ཞིག་ཕུལ་བ་རེད། རྒྱ་གར་གྱིས་ཁོང་ལ་སྐྱབས་བཅོལ་ས་དང་བྱོལ་ས་ཕུལ་རེད་ཅེས་ཁོང་གིས་ཀྱང་དུས་རྒྱུན་གསུང་གི་ཡོད་པ་རེད། སྐྱབས་ཟེར་བ་འདི་ནང་བའི་རིག་གཞུང་གི་ཐད་ནས་བཤད་ན། ཧ་ཅང་གལ་ཆེན་ཞིག་རེད།  སངས་རྒྱས་ཀྱི་སྐྱབས། ཆོས་ཀྱི་སྐྱབས།  དགེ་འདུན་གྱི་སྐྱབས་ཟེར་བ་ལྟ་བུ།  དེའི་རྐྱེན་གྱིས་༧གོང་ས་མཆོག་གིས་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པར་ནེཧ་རུའི་གཞུང་དམངས་གཉིས་ཀྱིས་ཁོང་ལ་སྐྱབས་སྦྱིན་སོང་ཞེས་རྒྱུན་དུ་གསུང་གི་ཡོད་པ་རེད། སྐྱབས་སྦྱིན་པ་དེ་ལས་ཁོང་ལ་བཞུགས་ས་རག་པ་ཙམ་དུ་མ་ཟད།  གུས་བརྩི་ཐོབ་ཅིང་། ཁོང་ཚོའི་སྲོལ་རྒྱུན་རིག་གཞུང་དང་། ལོ་རྒྱུས།  བོད་མི་རིགས་ཀྱི་དཔལ་ཡོན་སོགས་ཐམས་ཅད་ལ་གུས་བརྩི་ཐོབ་ཡོད་པ་རེད།

རྒྱ་ནག་གིས་བོད་ཀྱི་ཕྱིའི་ལུས་པོ་གཅིག་པུ་དབང་དུ་བསྡུས་ན་ཡང་། བོད་ཀྱི་སེམས་པར་རྒྱ་གར་གྱིས་བདག་སྐྱོང་བྱས་པ་རེད། དེ་ཡང་མི་གཅིག་ཙམ་མ་ཡིན་པར། དེའི་མི་དམངས་ཙམ་དུ་མ་ཟད། ད་རུང་དེའི་ཁྱད་ཆོས་ལྡན་པའི་རིག་གཞུང་ཆ་ཚང་དང་། རྒྱལ་ཁབ་ཅིག་གི་སེམས་ཚོར་སོགས་ཡོད་ཚད་བདག་གིར་བྱས་པ་རེད་ལ། འདི་འདྲ་བྱེད་བཏུབ་པའི་རྒྱལ་ཁབ་འཛམ་བུ་གླིང་འདིར་ག་ཚོད་ཡོད་དམ། ༧གོང་ས་མཆོག་གིས་དེ་མཁྱེན་གྱི་ཡོད་པ་རེད། ཁོང་གིས་རྟག་ཏུ། “ང་སྐྱེས་ས་བོད་ཡིན་ཡང་། ནར་རྒྱ་གར་དུ་སོན་པ་ཡིན། འདི་གའི་དཱལ་དང་རོ་ཊི་བདག་གི་རྩ་ལམ་རེ་རེ་ན་རྒྱུ་བཞིན་ཡོད།’’གསུང་གི་ཡོད་པ་རེད།  འདི་བདེན་པ་རེད།

བདེན་པ་གཞན་ཞིག་ནི་ཟུར་ཟེར་བ་འདི་རེད།  རྒྱ་གར་གཞུང་གིས་བཞུགས་ས་ཕུལ།  གཡོལ་ས་གནང་བ་རེད་མོད།  སྒམ་དེ་ཟུར་ཞིག་ཏུ་བཞག་ཡོད་པ་རེད།  མིག་ལ་མི་ཐོགས་སའི་ཉལ་ཁྲིའི་འོག་ཅིག་ཏུ་བཞག་ཡོད་པ་རེད།  སུ་གང་གི་མདུན་དུ་མི་ཐོན་ཕྱིར་ཐལ་རྡུལ་དང་བཅས་ཏེ་གྲུ་ག་ཞིག་ཏུ་བཞག་ཡོད་པ་རེད།  བེད་མེད་དུ་བསྒྱུར་ཕྱིར་ཟུར་ཞིག་ཏུ་བཞག་ཡོད་པ་རེད།  འུ་ཚོས་འགན་བླངས་པ་རེད།  སྐྱབས་སྦྱིན་ཡོད་པ་རེད་ཟེར་ན་ད་ནི་ཟུར་ལ་སྐྱབས་སུ་མཆིའོ།། གྲུ་གར་སྐྱབས་སུ་མཆིའོ།། མཐའ་ལ་སྐྱབས་སུ་མཆིའོ་རང་རེད་དོ།།  རྡ་རམ་ས་ལ་ནི་ཟུར་དེ་རེད།  ས་དེ་ཧ་ཅང་མཛེས་ལ། ཤིན་ཏུ་ལྷིང་འཇགས་རེད།  ས་ཆ་ཕུན་སུམ་ཚོགས་པོ་རེད། ཧི་མ་ལ་ཡའི་ཕང་བ་ནི་རང་དགའི་གནས་ཤིག་གང་ནས་ཡིན།   ཡིད་དུ་འོང་བ་ཞིག་དང་བརྗེད་དུ་མེད་པ་ཞིག་རེད།   ཡིན་ནའང་། ངས་འདི་ཟེར་དོན་སའི་ཆ་ནས་ཟུར་ཞིག་ཏུ་བཞག་འདུག་ཟེར་བ་མིན། ངས་གོང་ས་མཆོག་ཟུར་ཞིག་ཏུ་བཞག་འདུག་ཟེར་དོན་ཀླད་པའི་ཟུར་ཞིག་ཏུ་བཞག་འདུག་ཟེར་བ་ཡིན།  འུ་ཚོས་ཁོང་ཧིན་སྐད་དུ་བཤད་ན་ནུ་མཱ་དང་དབྱིན་སྐད་དུ་ཞུས་ན་ཨེཌ་ཇཥྚ་(Adjust)(རན་ཙམ་)བྱས་པ་ཙམ་ཁོ་ན་རེད།  འདི་ཙམ་རེད།  འདི་ཙམ་ལས་ཅི་ཡང་བྱས་ཡོད་པ་མ་རེད།  ཁོང་སྐྱེས་བུ་ཆེན་པོ་རེད། ཆོས་པ་རེད། བླ་མ་ལྟ་བུ་ཕྱག་བྱ་བའི་ཡུལ་རེད།  ཁོང་ལ་གུས་བརྩི་ཐོབ་ཡོད་པ་རེད།  བཀུར་བསྟི་ཡང་ཐོབ་ཡོད་པ་རེད།  ཁོང་ལ་ང་ཚོས་ངེས་པར་བྱེད་དགོས་པ་ད་དུང་ཅི་ཞིག་ལྷག་འདུག་གམ།

ང་ཚོས་བྱེད་དགོས་པ་ཇི་ལྟ་བུ་ཞིག་དང་ཇི་འདྲ་བ་ཞིག་དགོས་སམ་ཞེ་ན། ཁོང་གི་མཁྱེན་རྟོགས་ལྷད་མེད་པ་དེས་ཁོང་ཉིད་ཆབ་སྲིད་དང་རྒྱང་རྒྱང་དུ་གནས་པར་བྱས་ཡོད་པ་རེད། ཁོང་རྒྱུ་མཚན་དུ་བྱས་ནས་རྒྱ་དཀར་ནག་གཉིས་ཀྱི་བར་དུ་མི་བདེ་བ་འདྲ་འབྱུང་དུ་མི་འཇུག་རྒྱུ་ནི་རང་ཉིད་ཀྱི་གཞི་རྩའི་འགན་ཁུར་དུ་བརྩི་གནང་གི་ཡོད་པ་རེད་ལ། རྒྱུན་འཁྱོངས་གནང་བ་རེད། འདི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད། རྒྱ་གར་གྱི་ནང་སྲིད་ལའང་དོ་ཕོག་ཕྲན་ཙམ་ཡང་འབྱུང་དུ་མི་འཇུག་རྒྱུ་དེ་ཡང་ཁོང་གིས་ཐོག་མ་ནས་རྒྱུན་འཁྱོངས་གནང་བའི་མཛད་སྤྱོད་ཅིག་རེད། འདི་ཡང་དེ་བཞིན་དུ་བསྔགས་པར་འོས་པ་ཞིག་རེད། སེམས་ཐག་དེ་དང་གནང་ཐབས་དེའི་བར་ཁྱད་པར་ཅི་ཡང་འབྱུང་མི་ཉན་ལ། ད་དུང་ཆབ་སྲིད་ཀྱི་ཕྱོགས་ཁག་གང་གིས་ཀྱང་ཁོང་སྲིད་དོན་དུ་སྤྱོད་རྩིས་བྱས་མྱོང་མེད་ཟེར་ན་འགྲིག་གི་རེད་འདོད། ཐམས་ཅད་ཀྱིས་ཁོང་གི་ཆོས་ཕྱོགས་ཀྱི་རིན་ཐང་ལ་ངོས་འཛིན་དང་དེ་ལ་བཀུར་བཟོས་ཞུས་པ་རེད། གོང་ས་མཆོག་གིས་ཡོངས་བསྒྲགས་སུ་གསུངས་པ་ཐམས་ཅད་སྤུན་མཆེད་ཀྱི་འདུ་ཤེས་དང་ཞི་བདེའི་ཕྱོགས་ནས་གསུངས་ཡོད་ཅིང་། བློ་གྲོས་དང་སྙིང་རྗེ། བྱམས་བརྩེ་ལྷད་མེད་པའི་ཕྱོགས་ནས་གསུངས་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཁོང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མ་བླ་ན་མེད་པ་དེ་ཡིན་བཞིན་དུའང་ཁོང་གིས་ནང་བའི་ཆོས་དེ་རྒྱ་གར་གྱི་ཆོས་ལུགས་གཞན་དག་ལས་ལེགས་ཚུལ་དང་མཐོ་ཚུལ་སྟོན་པའི་རྩོལ་བ་དུས་ནམ་ཡང་བསྐྱེད་མྱོང་མེད། འདི་དག་གི་རྐྱེན་པས་༧གོང་ས་མཆོག་བླ་ནས་བླ་རུ་འཕགས་པ་རེད།

 ཁ་སང་དེ་རིང་ང་ཚོའི་རྒྱལ་ཁབ་འདིར་ཡང་མི་མཐོན་པོའི་རིགས་འགའ་ཤས་ཡོད་པ་རེད།  ཆབ་སྲིད་དང་། བཟོ་ལས། ཚན་རིག་ལག་རྩལ། རྩོམ་པ་པོ་དང་སྒྱུ་རྩལ་བའི་ཁྲོད་དང་། གློག་བརྙན་དང་རྩེད་མོའི་ཁྱབ་ཁོངས་སུ་ཡང་སྐར་ཆེན་དཀོན་པོ་མ་རེད། ཆོས་ཚོགས་ལ་སོགས་པར་ཡང་མཐོན་པོར་གྱུར་བའི་བྷཱ་བྷཱ་རཱམ་དེ་བ་དང་། ཤྲཱི་ཤྲཱི་ར་བི་ཤང་ཀར། ས་ད་གུ་རུ་ཛག་གཱི་སོགས་གང་འཚམས་ཤིག་ཡོད་པ་རེད།  ཡིན་ནའང་།  ལྟ་གྲུབ་ཀྱི་ཆ་ནས་བཤད་ན། མཁྱེན་དཔྱོད་དང་ལྡན་པའི་ལམ་སྟོན་གནང་ཐུབ་མཁན་ཤིན་ཏུ་ནང་ཀྱང་དཀོན་པོ་རེད།  དབྱིན་སྐད་དུ་ཞུས་ན་སོ་ཞོལ་ཧྥི་ལ་སོ་ཧྥར་(སྤྱི་ཚོགས་མཚན་ཉིད་རིག་པ་བ) ཟེར་བ་དེ་ལྟ་བུ་ཧིནྡུ་སྠན་དུ་མི་འདུག གཱཾདྷི་དང་། བི་ནོ་བྷཱ། བྷཱ་བྷཱ་སཱ་ཧབ་ཨཱཾབྷེཌ་ཀར་དང་། ཇ་ཡ་པྲ་ཀཱ་ཤ་སོགས་སྤྱི་ཚོགས་མཚན་ཉིད་རིག་པ་བ་ཡིན་པ་རེད། ཁོང་རྣམས་ཆབ་སྲིད་དང་འབྲེལ་ནས་བཞུགས་བཞིན་དུའང་ཆབ་སྲིད་ལས་འགོངས་ཡོད་པ་རེད། སྤྱི་ཚོགས་ཤིག་རྨོངས་གཉིད་ལས་དཀྲོགས་པ་རེད།  ལྷོ་ཕྱོགས་ཀྱི་ཨཱི་བཱི་རཱ་མཱ་སྭཱམི་པེ་རི་ཡཱར་ལྟ་བུ་ཡང་དེ་བཞིན་རེད། ཁོང་གི་བསམ་བློ་རྒྱལ་དམངས་ཀྱི་སེམས་དང་སྦྲེལ་ནས་ཡོད་པ་རེད།  ཁོང་གི་ཆོས་དང་འབྲེལ་ནས་ཡོད་པ་རེད། དེང་སང་བཙལ་ཀྱང་ལྟ་གྲུབ་ཅན་འདི་འདྲ་རྒྱ་གར་དུ་རྙེད་ཁག་པོ་རེད།  ཆོས་ཀྱི་བླ་མ་དང་ཆོས་དཔོན་གཉིས་ཀྱི་ཁྱད་པར་ཆེན་པོ་མ་རེད། ཆོས་དཔོན་རྙེད་ནའང་མུ་ནི་(ཐུབ་པ་)རྙེད་པ་མ་རེད།  རྣལ་འབྱོར་བ་ཡོད་ནའང་དྲང་སྲོང་ཡོད་པ་མ་རེད།  སྒྲོན་མེས་ཞབས་མི་གསལ་ཞེས་པའི་ཁ་དཔེ་ང་ཚོས་གོ་མྱོང་ཡོད་པ་རེད།  ༧གོང་ས་མཆོག་ང་ཚོའི་དབུས་སུ་བཞུགས་བཞིན་དུའང་ང་ཚོའི་སྙིང་དབུས་སུ་ཡོད་པ་མ་རེད།  སེམས་ཀྱི་ཟུར་ཞིག་ཏུ་ཡོད་པ་རེད། དེར་བརྟེན་ངས་ཁོང་ཞབས་མི་གསལ་བའི་སྒྲོན་མེར་བརྩི་ཡི་ཡོད། ང་ཚོ་སྒྲོན་མེའི་ཞབས་ཀྱི་མུན་ནག་ནས་ཕྱི་ལ་ཐོན་དགོས་འདུག་ལ།  སྒྲོན་མེའི་འོད་སྣང་ལ་བརྟེན་ནས་ང་རང་ཚོའི་སྤྱི་ཚོགས་ཀྱི་ལམ་ཁ་འཚོལ་དགོས་འདུག

 མིའི་སྤྱི་ཚོགས་སུ་གཡོ་སྒྱུ་དང་གསོག་གསོབ།  འདོད་རྔམ།  ཕྲག་དོག  འཚེ་བ་སོགས་ལ་ཇི་ལྟར་གདོང་གཏོད་དགོས་པ་རེད་དམ།  འདི་རྟོགས་སུ་འཇུག་ཐུབ་མཁན་༧གོང་ས་མཆོག་ལས་གཞན་སུ་ཞིག་ཡོད་པ་རེད།  ཡིན་ནའང་། ང་ཚོས་ཁོང་ལ་བལྟས་ནས་ཁོང་གི་ལམ་སྟོན་ལ་རེ་བ་རྒྱག་གི་མི་འདུག  ཁོང་ཚུལ་དང་ལྡན་པར་སོང་།  ཁོང་གིས་རང་འགུལ་གྱིས་ང་ཚོར་མན་ངག་སྐྱུག་གི་མ་རེད་དོ།།  ད་གཞུང་དང་འབྲེལ་ནས་བཤད་ན།  ད་ལྟའི་སྲིད་གཞུང་འདི་ཉིད་ཙམ་མིན་པར། རྒྱ་གར་གྱི་གཞུང་སྔ་གཞུག་ཚང་མ་༧ཏཱ་ལའི་བླ་མའི་ཕྱོགས་ནས་ཁ་རོག་གེར་བཞུགས་པ་རེད།  རྒྱ་ནག་གི་གནོན་ཤུགས་ལ་དེ་འདྲ་སྐྲག་པ་རེད་དམ། ང་རང་གི་མཐོང་སྣང་ལ་འདི་ཙམ་ལ་བརྟེན་ནས་རྒྱ་ནག་ལ་སྐྲག་པ་ནི་དགོས་དོན་ཡོད་པ་མ་རེད་འདོད།  ང་ཚོས་བོད་དེ་རྒྱ་ནག་གི་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩིས་དང་རྩི་བཞིན་ཡོད་པ་རེད་ལ།  མུ་མཐུད་བརྩི་རྒྱུ་རེད།   བོད་ཀྱི་རིག་གཞུང་ཉར་ཚགས་བྱེད་འདོད་ཡོད་ཀྱང་།  བོད་རྒྱ་མཉམ་གནས་བྱེད་རྒྱུ་ཡང་ཁས་ལེན་བྱས་ཟིན་པ་རེད།   འདི་ལ་གནད་དོན་དང་དཀའ་རྙོག་ཅི་ཡང་ཡོད་པ་མ་རེད།  དེས་མི་ཚད་པར་༧ཏཱ་ལའི་བླ་མ་སྐུ་སྒེར་ཀྱིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དང་། སངས་རྒྱས་ཀྱི་བསྟན་པ་བརྒྱུད་འཛིན་གནང་རྒྱུ་ཁོ་ན་དགོངས་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས། ང་ཚོའི་གཞུང་གིས་༧གོང་ས་མཆོག་བྷཱ་ར་ཏ་རཏྣ་(རྒྱ་གར་རིན་ཆེན)ཡིས་ཅིའི་ཕྱིར་བརྒྱན་མི་འདོད་པ་ཡིན་ནམ། བྷཱ་ད་ཤཱཧ་ཁཱན་དང་། ཨབ་དུལ་གབ་ཕར་ཁཱན།  ནེལ་སན་མཎྜེ་ལ། མ་རྡར་ཊེ་རེ་སཱ་སོགས་ལ་བྷཱ་ར་ཏ་རཏྣ་སེར་སྣ་མེད་པ་ཙམ་དུ་མ་ཟད། དགའ་སྤྲོ་དང་བཅས་ཏེ་ཕུལ་པ་རེད།

༧གོང་ས་མཆོག་ནོར་འཁྲུལ་གང་ཞིག་ལ་བརྟེན་ནས་བྱ་དགའ་མཐོ་ཤོས་འདིས་བསླུས་པ་རེད་དམ།  ཁོང་ལ་མ་སྤྲད་ན་ང་ཚོའི་གྱོང་ཡིན་པ་ལས། ཁོང་ལ་གྱོང་ཅི་ཡང་ཡོད་མ་རེད།  ཡང་གཅིག་བཤད་ན་འདི་བྷཱ་ར་ཏ་རཏྣ་ཙམ་གྱི་གནད་དོན་མ་རེད།  འདི་རྒྱ་གར་གྱི་རང་སོ་སོའི་ང་རྒྱལ་གྱི་གནད་དོན་རེད། ༧ཏཱ་ལའི་བླ་མ་དེང་གི་འཇིག་རྟེན་འདིར་གཽ་ཏམ་སངས་རྒྱས་གཉིས་པ་རང་རེད། ཁོང་གང་དུ་ཕེབས་ཀྱང་།  མི་ཚང་མས་སངས་རྒྱས་རློན་པ་རང་དུ་མཐོང་གི་ཡོད་པ་རེད།  ང་ཚོ་ཁོ་ནས་ཁོང་ཉིད་དེ་བཞིན་གཤེགས་པའི་གཟུགས་སུ་མཐོང་ཐུབ་ཀྱི་ཡོད་མ་རེད་དེ།  ཕྱོགས་གཅིག་ནས་བཤད་ན་འདི་ལ་ཡ་མཚར་དགོས་པ་ཅང་མི་འདུག ཅི་ལ་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་དངོས་མའི་རིན་ཐང་ཡང་རྟོགས་མི་ཐུབ་པའི་རྒྱལ་ཁབ་ཅིག་གིས་སངས་རྒྱས་བཅོམ་ལྡན་འདས་གཉིས་པའི་རིན་ཐང་ཇི་ལྟར་རྟོགས་ཐུབ་བམ། འདི་ཙམ་ཞིག་བཤད་ནས་ངས་རང་གི་སྡུག་གཏམ་འདི་མཚམས་འཇོག་རྒྱུ་ཡིན། དེ་རིང་གལ་ཏེ་བྷཱ་བྷཱ་སཱ་ཧབ་ཨཱཾབྷེཌ་ཀར་ང་ཚོའི་ལྷན་དུ་ཡོད་ན། ཁོང་གིས་འདི་སྐད་གསུང་ངེས།  “རྒྱ་ནག་དང་ང་ཚོའི་བར་གྱི་འབྲེལ་བ་ཡང་ཁག་ཁག་རེད་ལ།  ང་ཚོ་དང་ནང་སེམས་ཀྱི་འབྲེལ་བ་ཡང་སོ་སོ་རེད། ཏཱ་ལའི་བླ་མ་ནི་རྒྱ་གར་ཙམ་མ་ཡིན་པར། འཛམ་གླིང་སྤྱི་ཡོངས་ཀྱི་རིན་པོ་ཆེ་རེད།  མུན་པའི་ཁྲོད་ཀྱི་འོད་སྣང་རེད།”

ལྷ་ཡིས་ཁོང་ཁམས་བདེར་མཛད་པར་གྱུར་ཅིག །

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
གོ་པཱལ་ཀྲྀཥྞ་གཱཾདྷཱི་མཆོག་ནི། ཕྱི་ལོ་ ༡༩༤༥ ཟླ་ ༤ ཚེས ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡབ་ཌེ་ཝཱ་ཌཱ་སི་གཱཾདྷཱི་(Devadas Gandhi)དང་ཡུམ་ལེག་ཤི་མི་གཱཾདྷཱི་(Lakshmi Gandhi)གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༦༨ ནས་ ༡༩༨༥ བར་ཏ་མན་ན་རྡུ་མངའ་སྡེའི་ནང་འཛིན་སྐྱོང་གི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་རྒྱ་གར་གྱི་སྲིད་བློན་གཞོན་པའི་དྲུང་ཡིག་དང་།  ཕྱི་ལོ་ ༡༩༨༧ ནས་ ༡༩༩༢ བར་རྒྱ་གར་སྲིད་འཛིན་གྱི་ཟུང་དྲུང་གནང་ཡོད་འདུག ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་རིག་གཞུང་བློན་ཆེན་དང་། དབྱིན་ཡུལ་རྒྱལ་ས་ལོན་ཊོན་གྱི་ནེའུ་རོ་ལྟེ་གནས་ཁང་གི་འགན་འཛིན། དེ་ནས་རིམ་བཞིན་ལྷོ་ཨ་ཧྥེ་རི་ཁ་དང་ལེ་སོ་ཐོ། ནོར་ཝེ། ཨ་སི་ལན་ཌི་སོགས་སུ་རྒྱ་གར་གྱི་གཞུང་ཚབ་ཆེན་མོའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༤ ལོར་ནུབ་བྷན་གྷལ་གྱི་སྲིད་སྐྱོང་དང་། ཕྱི་ལོ་ ༢༠༠༦ ལོར་བྷི་ཧར་གྱི་སྲིད་སྐྱོང་གནང་། ད་ལྟའི་ཆར་ཁོང་གིས་ཨ་ཤོ་ཀ་གཙུག་ལག་སློབ་གཉེར་ཁང་དུ་ལོ་རྒྱུས་དང་ཆབ་སྲིད་ཀྱི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་པ་རེད།

མ་ཡིག་གི་འབྲེལ་ཐག https://naidunia.jagran.com/editorial/expert-comment-dalai-lama-is-the-worlds-precious-gems-2905884

བསྐྱར་བཅོས།: ༢༠༡༩/༠༤/༢༠

Leave a Reply