བོད་ནང་གནམ་ཐང་གསུམ་གསར་དུ་རྒྱག་རྒྱུ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཁ་ལྷུན་རྩེ་རྫོང་དང་། གཞིས་རྩེ་དིང་རི་རྫོང་། མངའ་རིས་སྤུ་ཧྲེང་རྫོང་བཅས་སུ་གནམ་ཐང་གསར་པ་གསུམ་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག ཁ་སང་ཕྱི་ཚེས་ ༡༨ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ས་མཚམས་ཁུལ་དུ་ཡོད་པའི་ལྷོ་ཁ་ལྷུན་རྩེ་རྫོང་དང་། གཞིས་རྩེ་དིང་རི་རྫོང་། མངའ་རིས་སྤུ་ཧྲེང་རྫོང་བཅས་སུ་གནམ་ཐང་གསུམ་འཛུགས་སྐྲུན་བྱ་འཆར་ཡོད་པའི་ཇུས་འགོད་གཏན་འཁེལ་བྱུང་ཡོད་སྐོར་བརྗོད་འདུག

བོད་རང་སྐྱོང་ལྗོངས་མཁའ་འགྲུལ་ལས་ཁུངས་ཀྱི་དོ་དམ་པ་པད་སྒྲོན་ཟེར་བ་ཞིག་གིས། གནམ་ཐང་དེ་དག་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༣༩༠༠ ལྷག་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། གནམ་ཐང་འཛུགས་སྐྲུན་བྱེད་སྐབས་བདེ་འཇགས་ཀྱི་མཁའ་ལམ་ཚད་ཐིག་བརྟན་སྲུང་བྱེད་པ་དང་། འཁོར་སྐྱོད་བདེ་འཇགས་སོགས་ལ་བསམ་གཞིགས་ཞིབ་ནན་བྱས་ཏེ་ཇུས་འགོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་མོས་ལྷུན་རྩེའི་གནམ་ཐང་དང་སྤུ་ཧྲེང་གནམ་ཐང་གཉིས་བོད་རང་སྐྱོང་ལྗོངས་ནང་ཁུལ་ལ་འཕུར་སྐྱོད་དང་། དིང་རིའི་གནམ་ཐང་ནས་བོད་རང་སྐྱོང་ལྗོངས་ནང་ཁུལ་དང་། གཞན་ཁྲིན་ཏུའུ་དང་། ཁུན་མིང་། ཞི་ཨན་བཅས་རྒྱ་ནག་ནང་ལོགས་ལ་འཕུར་སྐྱོད་བྱ་རྒྱུ་དང་། གནམ་ཐང་དེ་དག་ལ་བོད་ལྗོངས་ཀྱི་ས་ཁོངས་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། བོད་ལྗོངས་མང་ཚོགས་ཀྱིས་ཁས་ལེན་པ་དང་། བོད་ལ་ཡུལ་སྐོར་དུ་ཡོང་མཁན་བློ་ཡིད་ཚིམས་པའི་གནམ་ཐང་གསར་པ་ཞིག་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ས་མཚམས་ཀྱི་གནམ་ཐང་དེ་དག་འཛུགས་སྐྲུན་འཆར་གཞི་ཡོད་པ་སྔར་ལོའི་ཕྱི་ཟླ་ ༦ པ་ནས་གླེང་མགོ་ཚུགས་ཡོད་པ་དང་། གནམ་ཐང་གསུམ་དེ་རྒྱ་ནག་གི་བཟོ་གྲྭ་འདྲ་མིན་གསུམ་གྱིས་འགན་ཁུར་འོག་འཛུགས་སྐྲུན་བྱ་རྒྱུ་ཁས་ལེན་བྱུང་ཡོད་པ་དང་། ལྷོ་ཁ་ལྷུན་རྩེའི་གནམ་ཐང་དེ་རྒྱ་ནག་རྒྱལ་ས་གནམ་ཐང་བཟོ་ལས་ཁང་ཟེར་བ་ཞིག་གིས་འཛུགས་སྐྲུན་བྱ་རྒྱུ་དང་། ཧྲང་ཧེ་གནམ་ཐང་བཟོ་ལས་ཁང་གིས་གཞིས་ཀ་རྩེའི་གནམ་ཐང་། ནུབ་རྒྱུད་གནམ་ཐང་མཉམ་ལས་ཁང་ཟེར་བ་ཞིག་གིས་མངའ་རིས་ཀྱི་གནམ་ཐང་ལས་གཞི་འགན་ལེན་བྱས་ཡོད་འདུག

ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་དང་མེ་འཁོར་ལྕགས་ལམ་སོགས་མང་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ལྟར། གནད་དོན་དབྱེ་ཞིབ་པ་ཚོས་གནམ་ཐང་དེ་གསུམ་ལས་མངའ་རིས་དང་ལྷོ་ཁ་གཉིས་ནི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཡོད་པའི་ས་མཚམས་ཏེ། དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པའི་འབྲོག་ལམ་དང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ལ་འཁེལ་ཡོད་སྟབས། རྒྱ་དཀར་ནག་བར་གྱི་འབྲེལ་བར་དོ་ཕོག་དང་རྒྱ་ནག་གིས་ལས་གཞི་འདྲ་མིན་སྤེལ་ནས་རྒྱ་གར་དང་འབྲེལ་བའི་ས་མཚམས་ཁག་བརྟན་སྲུང་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གཞུང་གིས་གནམ་ཐང་དང་ལྕགས་ལམ་སོགས་འཛུགས་སྐྲུན་བྱེད་སྐབས། ས་གནས་མི་མང་གི་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ན་ཡང་། ཉེ་སྔོན་འདི་ག་གསར་ཁང་གིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་སུ། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཤུགས་ཆེར་བྱེད་བཞིན་པའི་རྒྱབ་ལྗོངས་དམིགས་ཡུལ་སོགས་ག་རེ་ཡིན་སྐོར་དྲིས་པར། བོད་ནང་འཛུགས་བསྐྲུན་ལས་འཆར་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དེ་དག་གིས་རྒྱ་ནག་གི་དབང་འཛིན་གཅིག་སྡུད་བྱེད་པར་ཕན་པ་ལས། བོད་མི་ཚོའི་འཚོ་བའི་གནས་བབ་དང་དབུལ་ཕོངས་ཀྱི་འཚོ་བ་ལས་སྐྱོབ་ཐབས་སུ་དེ་ཙམ་ཕན་ཐོགས་མེད་པ་དང་། ལས་འཆར་དེ་དག་ནི་རྒྱ་ནག་ཕྱོགས་གཅིག་གི་ཐག་གཅོད་ཁོ་ན་ལས་ས་གནས་ཡུལ་མི་དང་གོ་བསྡུར་བྱས་པའི་རིགས་རྩ་བ་ནས་མིན་སྐོར་བརྗོད་བྱུང་།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་གནམ་ཐང་ལྔ་འཛུགས་སྐྲུན་བྱས་ཚར་ཡོད་པ་དང་། གནམ་ཐང་དང་པོ་དེ་ལྷ་སའི་གོང་དཀར་གནམ་ཐང་དང་།  གཉིས་པ་ཉིང་ཁྲིའི་སྨན་ལིང་གནམ་ཐང། གསུམ་པ་ཆབ་མདོའི་པན་ཌ་གནམ་ཐང་། བཞི་པ་མངའ་རིས་གནམ་ཐང་། ལྔ་པ་གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་བཅས་ཡིན་པ་དང་། གནམ་ཐང་ཁག་ཚང་མ་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་བྱས་པ་དེས། རྒྱ་གར་གཙོའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་དྲག་དམག་གི་རྟེན་གཞིར་དམིགས་ཏེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་པ་ལྟར།  དཔུང་དམག་དབོར་འདྲེན་སོགས་ལ་བེད་སྤྱོད་གཏོང་བཞིན་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད། རྒྱ་གར་གྱིས་དེ་ལ་ཁ་གཏད་གཅོག་ཆེད་ཨ་རུ་ན་ཅལ་གཙོའི་རྒྱ་ནག་དང་ས་འབྲེལ་ཡིན་པའི་མཐའ་མཚམས་ཁག་ཏུ་གནམ་ཐང་དང་ལྕགས་ལམ་སོགས་འཛུགས་སྐྲུན་བྱེད་པར་སྔ་ལས་ཤུགས་གནོན་རྒྱག་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༡༩

Leave a Reply