༧གོང་ས་མཆོག་གིས་སྐུ་ཆམ་བཞེས་དོན་ཅི་ཡིན་ནམ། 

ཤར་ཕྱོགས་ཁུག་རྟ།

ཁ་སྔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཆམ་ཅུང་ཙམ་བཞེས་རྗེས་སེམས་ལ་འདི་ལྟར་དྲན་ཏེ། ང་ལྟ་བུ་ཕལ་བའི་ཕལ་བ་རྣམས་ལ་ར་འཕྲོད་ཡོད་པ་ནི། ༧གོང་ས་མཆོག་ནི་དངོས་དོན་དུ་མི་ཡི་རྣམ་པར་ཕེབས་ཡོད་ཀྱང་། ཕྱོགས་ཐམས་ཅད་དུ་འཇིག་རྟེན་སྟེང་གི་དྲག་ཞན་ཚང་མས་ཡིད་སྨོན་བྱེད་པའི་ཡོན་ཏན་ཐམས་ཅད་ནི་ཚང་། མི་རྣམས་ཀྱིས་མི་འདོད་པའམ་གང་ཟག་སྡུག་བསྔལ་བར་བྱེད་པའི་རྒྱུ་དང་གང་ཟག་བར་གྱི་འབྲེལ་བའི་ས་མཚམས། ངོ་བོ། བྱེད་ལས། དེ་སྤོང་ཐབས་དང་བཅས་པར་བྱང་ཆུབ་པའི་དབང་གིས། ཉམས་མྱོང་རང་སྟེང་ནས་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་མཆོག་ཏུ་གྱུར་པས་ན། རང་གི་ཆམ་ནད་ཙམ་བྱམས་བརྩེ་སྒོམ་ཐུན་གཅིག་གིས་ལྷག་མེད་ཏུ་བཅོམ་ནུས་པ་ཞུ་ག་ལ་དགོས། ཚོད་དཔག་དང་ཚོད་ལྟའི་བློ་དང་མ་བྲལ་པའི་ཕྱི་ལུགས་གསོ་རིགས་ཀྱི་བཅོས་ཐབས་ཤིག་ལས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་མཆོག རང་གི་རྒྱུད་དུ་མངོན་པར་བྱས། གཞན་ལ་སྟོན་པ་ལ་ཐུབ་དབང་སྨྲ་བའི་ཉི་མ་ལས་ཀྱང་འགོངས་པའི་རྩལ་གང་དེས་འཇིག་རྟེན་གྱི་སྡུག་བསྔལ་ཅི་རིགས་གཞོམ་སྲེག་བྱེད་མི་ནུས་པ་ཅི་ལ་སྲིད་སྙམ་པ་དེ་ཡིན་ཀྱང་། དྲི་བ་གཅིག་ནི། ༧གོང་ས་མཆོག་གིས་ཅིའི་ཕྱིར་སྐུ་ཆམ་བཞེས་པའི་ཚུལ་བསྟན་པ་རེད་དམ། བདག་ནི་དྲི་བ་འདིས་ཡུན་རིང་བསམ་གཞིག་གི་ཀློང་དུ་སྐྱེལ། ཉིན་མཚན་ལས་བྲེལ་གྱི་བར་དུ་གནད་དོན་འདི་བཞིན་སེམས་ངོར་འགོག་མེད་རྦབ་ཆུ་བཞིན་བབས།

དེ་ལྟར་ཡུན་རིང་བསམ་ཞིབ་བྱས་འབྲས། བདག་གིས་གཞི་ནས་སྐུ་ཆམ་ཅུང་ཙམ་བཞེས་དགོས་དོན་གྱི་རྒྱུ་རྐྱེན་རྙེད་པ་ལྟར་སྣང་ཡང་། ཞིབ་ཏུ་དུས་ལ་བབ་མིན་གྱིས་བརྗོད་དགོས་མ་མཐོང་། འོན་ཀྱང་རེ་འགའི་སེམས་ངོར། སྐུ་ཆམ་བཞེས་པ་ཞེས་པ་ནི་རང་དབང་མེད་པར་ཕོག་པ་ལྟར་མིན་པར། ཚུར་བླངས་པའམ་བཞེས་པ་ལྟ་བུར་གོ་བས་དེ་ཅི་ལྟར་ཡིན་ནམ་སྙམ་སྲིད། བདག་གིས་དེ་ལ་རྒྱས་བརྗོད་གཏིང་ཟབ་བྱེད་ཤེས་བྲལ་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་ལམ་མི་དང་བསྟུན་པ་ནི་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་རྩ་བར་ཞིབ་ཏུ་གསལ་ཏེ། བློ་སྦྱོང་གི་དམ་ཚིག་ ༡༨ བསྟན་སྐབས། འདུན་པ་བསྒྱུར་ལ་རང་སོར་བཞག། ཅེས་པའི་འདུན་པ་བསྒྱུར་བ་ནི་ཀུན་སློང་བཅོས་བ་དང་། རང་སོར་བཞག་པའི་དོན་ནི་སྤྱོད་ལམ་རང་སོར་འཇོག་དགོས་པའི་དོན་ཡིན་སྟབས། སྤྱོད་ལམ་འཆལ་པོ་དང་འཇིག་རྟེན་ཡ་རབས་ལུགས་དང་འགལ་བ། དེ་བཞིན་ཡིན་མདོག་རྫུ་འཕྲུལ་སོགས་སྟོན་པ་གཉིས་ཀ་མི་རིགས་པར་བསྟན་པ་ཡིན་པས། མིའི་རྣམ་པར་མིའི་སྐྱེ་རྒ་ན་འཆིའི་རང་གཤིས་རང་སོར་བཞག་པའི་མཛད་འཕྲིན་སྐྱོང་པ་ནི། དོན་ལ་དམ་ཚིག་དེ་དག་ལ་དགོངས་པའང་ཤེས་ན་ལེགས་སྙམ།

དེས་ན་སྤྲོས་པ་དོར་ཏེ་སྐུ་ཆམ་བཞེས་དོན་ལ་བསམ་ཞིབ་བྱ་སྐབས། རང་ཅག་གངས་ཅན་པ་རྣམས་དུས་རབས་ ༩ པའི་མཇུག་ནས་ལོ་བརྒྱ་ཕྲག་མང་པོར་ཁ་འཐོར་ཡ་འཐོར་ཏུ་ཕྱིན་པའི་གནས་བབ་ལ། དུས་རབས་ ༢༠ པའི་མཇུག་ནས་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོས་བཙན་པོའི་སྐབས་ལས་ཀྱང་ལྷག་པའི་བསམ་བློའི་ཆིག་སྒྲིལ་གནང་སྟེ། དུས་རབས་ཕྱེད་ལྷག་རིང་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཁྱོན་དུ་བརྟན་འཛུགས་གནང་། འཛམ་གླིང་མི་མིང་ལ་བོད་ཟེར་པ་ཞིག་ཡོད་པ་ངོ་ཤེས་སུ་བཅུག བོད་ལ་སྙིང་ཉེ་རུ་བཅུག བོད་ལ་རྒྱབ་སྐྱོར་བྱེད་དུ་བཅུག རང་དོན་ཁོག་བཅུག་དང་རང་རྒྱལ་གཞན་ཕམ་ཁོ་ནས་རྒྱལ་སྲིད་སྐྱོང་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ཁ་གཏད་དུ་མཁས་མཛངས་ལྡན་ལ། དོན་དུ་གླགས་མི་རྙེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གསར་གཏོད་གནང་པས། བོད་ཀྱི་མ་འོངས་པའི་མདུན་ལམ་༧གོང་ས་མཆོག་གི་ལམ་སྟོན་ལྟར་ཕྱིན་ན་གསོན་གནས་ཐུབ་ཅིང་། དེ་ལས་ལྡོག་ན་རེ་བ་བྲལ་བ་ཕྱོགས་གང་ནས་བལྟས་ཀྱང་ས་རིས་ཐང་གསལ་དུ་གྱུར་བའི་སྐབས་འདིར། སེམས་ཅན་སྤྱི་དང་སྒོས་སུ་བོད་གངས་ཅན་པ་ཁོ་ནའི་ཆེད་དུ་འཚོ་ཞིང་བཞུགས་པའི་༧གོང་ས་མཆོག་གིས་སྐུ་ཆམ་བཞེས་དོན་ལ་མཐར་དེད་ན་རྒྱུ་མཚན་གཉིས་འདུག་སྟེ།

གཅིག སྤྱིར་དངོས་པོའི་རང་གཤིས་ང་ཚོར་དམར་ཁྲིད་གནང་བའི་ཐབས་མཁས་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་ཡིན་པ་ཞུ་ག་ལ་དགོས། དེས་བོད་མི་ཚོར་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅིང་། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་སློབ་ཁྲིད་གནང་ཡོད། འོན་ཀྱང་། གངས་ཅན་པ་རྣམས་ཀྱིས་ནི་ད་ལྟའི་ཆར་གཟུགས་སྐུ་རགས་པར་མི་བདེ་བའི་ཚུལ་ཕྲ་མོ་ཙམ་ཡང་མ་སྟོན་རོགས། ༧གོང་ས་མཆོག་ཁྱེད་ཉིད་ཀྱི་གསེར་ཞལ་ལྷམ་མེར་མ་བཞུགས་ཚེ། གུས་ཅག་ཁ་འཐོར་དུ་གནས་ཏེ་རྩ་ཡལ་དུ་འགྲོ་རྒྱུ་ཡིན་པ་ཞུ་ག་ལ་དགོས་པས། བོད་ལ་གཞན་གང་ཡང་མེད་ན་ཆོག་ཀྱང་། ༧གོང་ས་མཆོག་ཉིད་མེད་ན་གསོན་ཐབས་ག་ལ་ཡོད་ཅེས་གསོལ་འདེབས་ཞུ་བཞིན་ཡོད།

གཉིས། བོད་ཀྱི་རང་དོན་གྱི་དབང་དུ་བྱས་ཏེ་བརྗོད་ན། དེ་སྔ་ནས་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསལ་བར་ལུང་བསྟན་ཟིན་པ་སྟེ། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད། གཟབ་གཟབ་ཞུ་དགོས་ས་གསུམ་ཡོད་པ་ལས། རྒྱ་ནག་གཞུང་དང་དེའི་རྒྱུགས་ཁྱི་དོལ་རྒྱལ་རྗེས་འབྲང་པ་གཉིས་གསལ་བོ་ཆགས་ཟིན་པས། དེ་ལ་སེམས་ཁྲལ་མེད་ཀྱང་། རང་བཙན་དང་མང་གཙོའི་ཕྱི་པགས་གཡོགས་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ཉེན་ཁ་ཆེ་ཤོས་སུ་མཐོང་གསུངས་པ་ནི། ད་ལྟ་གསལ་བོ་ཆགས་མི་འདུག་གམ། སྤྱིར་ན་ངན་སྨྲས་བྱས་པ་ཙམ་ལ་ཧ་ལས་རྒྱུ་ཅི་ཡོད་ཀྱང་། ༧གོང་ས་མཆོག་གིས་སྐུ་ཚེ་གང་པོར་འབད་པ་ཆེན་པོས་བཞེངས་པའི་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་སྒྲུབ་ཕྱོགས་ལ། དུས་རྣམ་ཀུན་དུ། དངོས་ཤུགས་བརྒྱུད་གསུམ་ནས། གཞི་མེད་བབ་ཅོལ་གྱི་ལོང་གཏམ་མང་པོས་ཀླན་ཀ་འཚོལ་ཨེ་ཐུབ་ལྟ་ཞིང་། མངོན་ལྐོག་རྒྱབ་མདུན་ཅན་གྱི་བྱེད་བབ་སྣ་ཚོགས་ག་ས་གང་དུ་བསྐྲུན་རྒྱུར་འབད་བཞིན་པའི་བོད་མིའི་གཟུགས་སུ་གནས་པ་རེ་འགའ་ཡོད་པ་དག་ནི། ད་ཐེངས་ཀྱི་སྐུ་ཆམ་བཞེས་དགོས་དོན་གྱི་རྐྱེན་རྩ་གཅིག་ཏུ་འགྲོ་བ་བོད་ཀྱི་ལྷ་མི་ཡོངས་ནས་ངེས་པར་མཁྱེན་དགོས་ཏེ། དཔེར་ན། ཆོས་མེད་འཇམ་དབྱངས་ནོར་བུས་དཀོན་མཆོག་གསུམ་མནར་སྐྱེལ་ཁུལ་གྱིས་༧གོང་ས་མཆོག་ལ་སྐུར་འདེབས་ཚད་ལས་བརྒལ་བ་བྱས་པ། དེ་བཞིན་གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཆེད་མངགས་འགལ་རྐྱེན་བཟོ་ཕྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་ཚུན་ཆད་དུ་དེ་དག་གི་ཕྱོགས་གཏོགས་ཀྱི་བརྗོད་པ་སིམ་འཛུལ་བྱས་ཏེ། མདོར་ན་༧གོང་ས་མཆོག་དང་བོད་མི་མང་གིས་བསམ་ཕྱོགས་གང་དུ་ཆིག་སྒྲིལ་གནང་སར་འགལ་རྐྱེན་གཏོར་བཤིག་ཆེད་བཟོའི་བྱེད་པོར་བསམ་བཞིན་སྐྱེ་བ་བླངས་པ་ལྟ་བུ། རྒྱ་ནག་གཞུང་ལས་ཀྱང་སྡུག་པའི་བོད་མི་རེ་འགའ་མཐོ་ས་དམའ་ས། ལས་ཐོགས་ལས་ཟུར་གང་སར་ཡོད་པ་འདི་དག་ལ་རྟག་ཏུ་གཟབ་གཟབ་བྱེད་དགོས་པ་སྨྲས་མེད་ཡིན་པས། མི་འདི་རིགས་ལ་འབྲེལ་བ་འཇོག་སྟངས་མ་ནོར་བའི་རྩལ་ཐོན་པ་ཞིག་གནང་དགོས་པ་བོད་མི་དམ་གཙང་ཡོངས་ནས་ཡིད་གཟབ་བྱ་དགོས་པ་དུས་ལ་བབ་འདུག

སྤྱིར་ན། མི་འདི་རིགས་རེ་ཟུང་གིས་ལངས་ཕྱོགས་དང་ལམ་ལུགས་གང་ཞིག་ཁ་ལ་འཁྱེར་ཀྱང་། ཐ་ན་མི་འདི་དག་གིས་བོད་རང་དབང་སྒྲུབ་ཐུབ་པའི་དབང་དུ་བཏང་ཡང་། བོད་མི་མང་གིས་དེ་དགོས་མེད་དུ་ཤར་ཤར་འདོར་བ་སྨྲས་མེད་ཡིན་པས། རྩ་དོན་གྱི་རིམ་པ་གང་ཞིག་ཏུའང་འདི་དག་གིས་ཕན་ཐོགས་ཕྲན་བུ་ཙམ་བསྐྲུན་མི་ཐུབ་པ། བསྐྲུན་པའི་ལྷག་བློ་མེད་པ། བསྐྲུན་པའི་ལས་བསོད་མེད་པ་བཅས་ལ་ངོས་འཛིན་གསལ་བོ་དགོས་པའང་གསལ་བརྗོད་ཞུ་འདོད་བྱུང་།

བོད་མི་རིགས་ལ་བྱུང་བའི་ཆག་ཆེ་ཉམས་ང་གང་གི་སྐབས་སུའང་། དང་པོར་རྐྱེན་ནང་ན་གནས་པ་མ་ཚོར་པའི་འཐུས་ཤོར་རབ་དང་རིམ་པ་བཏང་ཡོད་སྟབས། ངེས་པར་དུ་མི་འདི་རིགས་ལ་གཟབ་གཟབ་བྱས་ཏེ། ནོར་བུའི་ནོར་ཉམས་ཆོད་པ། རང་གི་བསོད་ནམས་རང་གི་ཁ་ཕོར་དུ་ཤོང་ཐུབ་པ་ཞིག་ཡོང་ཕྱིར། དུས་ནམ་རྒྱུན་དུ་སྤྱི་མཐུན་བསོད་ནམས་གཙིགས་སུ་བཟུང་སྟེ། ཉལ་ན་དབུ་མའི་ལམ། ལངས་ན་དབུ་མའི་ལམ། རྒྱུན་གྱི་ཚོགས་བསགས། ཁ་ཏོན་དགེ་སྦྱོར། སྨོན་ལམ་ཚུན་བསྐྱོན་སྐབས་ནམ་ཞག་ཆག་མེད་དུ་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་རྒྱུད་ཀྱི་ཆགས་སྡང་ཞི་ཐབས། བོད་རིགས་ནང་ཁུལ་གྱི་བསོད་དམན་སྐྱེས་བོ་དེ་རིགས་ལེགས་ལམ་དུ་བསྐྱོད་ཐབས། རྒྱ་ནག་གཞུང་ལ་བོད་མི་མང་གིས་བཏོན་པའི་དབུ་མའི་ལམ་ལ་ཡིད་ཆེས་རྙེད་ཐབས། དེ་ཡང་༧གོང་ས་མཆོག་གསེར་ཞལ་འཚོ་བཞུགས་སྐབས་འདིར་ཡོང་ཐབས། རང་རང་གི་སྒོ་གསུམ་གྱི་ཡ་རབས་ཀུན་སྤྱོད་བཅས་ལ་ཞུ་དག་བཏང་ན། ལོ་གཅིག་གཉིས་ནང་༧གོང་ས་མཆོག་གིས་བཀའ་ཕེབས་པ་ལྟར་དབུ་མའི་ལམ་གྱི་བདེན་མཐའ་གསལ་ངེས་པ་རྒྱུ་དང་འབྲས་བུའི་རྣམ་པར་ར་འཕྲོད་པ་ཞིག་མི་འདུག་གམ། བདག་གི་གངས་ཅན་པ་རྣམས།།

༢༠༡༩ ཟླ་ ༤ ཚེས་ ༢༠ ཉིན། ནོར་བུ་འཚིག་ཇ་ཁང་དུ་བྲིས།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༡༩/༠༤/༢༠

Leave a Reply

5 thoughts on “༧གོང་ས་མཆོག་གིས་སྐུ་ཆམ་བཞེས་དོན་ཅི་ཡིན་ནམ།