༧པཎ་ཆེན་ཆུང་སྲིད་ཆེད་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མགོ་བཙུགས།

༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ཕེབས་པའི་འཁྲུངས་སྐར་བསླེབ་ལ་ཉེ་བ་དང་བསྟུན་བོད་མི་ ༣༠ ཡིས་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨:༣༠ སྟེང་། བཞུགས་སྒར་དྷ་སའི་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ༧ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་དུས་དྲན་དང་བསྟུན། རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་དགོས་པའི་དགོས་འདུན་འོག བོད་མི་ ༣༠ ཡིས་བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་སོང་།

ལས་འགུལ་གྱི་ཐོག་མར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་ཏེ་བརྗོད་དོན། ལོ་ལྟར་བཞིན་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ཀློད་གྲོལ་དགོས་པའི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་ན་ཡང་།  དེ་རིང་གི་ལས་འགུལ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་མཉམ་རུབ་ཐོག་ནས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཆགས་ཡོད་པ་དང་། ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་དགོས་པའི་བརྡ་ལན་དང་། དེ་བཞིན་རྒྱ་གར་ཡུལ་མི་ཚོར་གོ་རྟོགས་དང་ཁྱབ་བསྒྲགས་ཤིག་ཏུ་དགོངས་ནས་ལས་འགུལ་དེ་གོ་སྒྲིག་བྱས་ཡོད། ཅེས་བརྗོད་སོང་།

ཡང་མོས་མུ་མཐུད་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་རིང་ནས་མགོ་བཙུགས་ཏེ་ཕྱི་ཚེས་ ༢༥ ཉིན་གྱི་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་སྒོ་དང་བསྟུན་མཚམས་འཇོག་གནང་གི་ཡོད་པ་དང་། གཞན་ཉིན་གསུམ་རིང་གི་ལས་འགུལ་ཁྲོད་རྒྱ་གར་རྒྱལ་ས་ལྡི་ལི་དང་ཅན་དྷི་གྷར་སོགས་སུ་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ཡོད་སྟབས། གྲོང་ཁྱེར་ནང་སྐོར་སྐྱོད་དང་ཁྱབ་བསྒྲགས། གོ་རྟོགས་སྤེལ་རྒྱུ་དང་གཏམ་བཤད་སོགས་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་རྒྱུ་ཡིན་པ་དང་། མི་མང་ངོས་ནས་ང་ཚོའི་ལས་འགུལ་དེར་རྒྱབ་སྐྱོར་ཆེད་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་དང་བརྒྱུད་སྐུར་མང་པོ་བྱས་པ་ཡིན་ན། རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཤུགས་ཆེན་པོ་འགྲོ་བར་ཕན་ཐོགས་ཡོད་པས་མི་མང་གང་མང་མང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོར་སྐུལ་གནང་སོང་།

དེའི་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཐེངས་འདིའི་ལས་འགུལ་དམིགས་ཡུལ་གསུམ་ཞིག་ཆགས་ཡོད་པ་དང་། དང་པོ་དེར་༧ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ད་ལོ་དགུང་ལོ་ ༣༠ ཕེབས་བཞིན་ཡོད་ན་ཡང་། ཁོང་གི་འཚོ་བའི་གནས་སྟངས་དང་གནས་བབ་ག་འདྲ་ཞིག་གི་འོག་ཏུ་བཞུགས་ཡོད་སོགས་མི་ཤེས་པ་དང་། གཉིས་པ་དེ་རྒྱ་ནག་གཞུང་གིས་༧པཎ་རིན་པོ་ཆེའི་ཡང་སྲིད་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཀྱིས་ཁོ་རང་ཚོའི་ངོས་ནས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་པ་དང་། དེའི་ཐད་རྒྱ་ནག་གཞུང་ལ་ང་ཚོའི་ཕྱོགས་ནས་༧པཎ་ཆེན་ཡང་སྲིད་དེ་རྩ་བ་ཉིད་ནས་ངོས་ལེན་མེད་ལ། ལྷག་པར་དུ་བོད་ཀྱི་ཆོས་ཕྱོགས་དང་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་རྩ་བ་ཉིད་ནས་ཇུས་གཏོགས་བྱེད་ཆོག་གི་མེད་ཅེས་བརྡ་ལན་གསལ་བོ་ཞིག་སྤྲད་པ་ཡིན། གསུམ་པ་དེ་རྒྱུན་དུ་ང་ཚོའི་ངོས་ནས་བོད་དོན་ཐད་ལས་འགུལ་དང་ཁྱབ་བསྒྲགས་བྱས་བསྡད་ཡོད་དུས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ལས་པའི་ཛ་དྲག་ཆགས་ཡོད་པ་སོགས་ཀྱིས་ལས་འགུལ་འདི་སྤེལ་བ་ཡིན། ཞེས་བརྗོད་སོང་།ཚོགས་པ་གཉིས་ཀྱིས་དབྱིན་ཡིག་ནང་སྤེལ་བའི་བསྒྲགས་གཏམ་ནང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བར་རྒྱལ་སྤྱིའི་མགོ་འཁྲིད་ཁག་དང་། རྒྱལ་ཚོགས་ཀྱི་གནད་དོན་དབྱེ་ཞིབ་པ་སོགས་ཀྱིས་སྐྱོན་བརྗོད་དང་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་ནའང་། རྒྱ་ནག་གཞུང་གིས་མུ་མཐུད་སྣང་མེད་གཏོང་གི་ཡོད་པ་དང་། ལོ་ངོ་ཉི་ཤུ་ལྷག་གི་རིང་རྒྱལ་སྤྱིའི་གཞུང་དང་རྒྱལ་ཚོགས་སོགས་ཀྱིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མིར་མཇལ་འཕྲད་དགོས་པའི་རེ་སྐུལ་གནང་བར་རྒྱ་ནག་གཞུང་ནས་ཁོང་གིས་རྒྱུན་ལྡན་གྱི་འཚོ་བ་ཞིག་ལ་རོལ་གྱི་ཡོད་པས་དེར་དོ་ཕོག་གཏོང་འདོད་མེད་སྐོར་བརྗོད་དེ་རེ་སྐུལ་དང་ལེན་བྱེད་ཀྱི་མེད་པ་རེད། ཅེས་བཀོད་འདུག

འདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྒྱལ་མཚན་ལགས་སུ་ཐེངས་འདིའི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་ཁྱོན་ག་ཚོད་ཡོད་པ་དང་། འཛུལ་ཞུགས་གནང་མཁན་རྣམས་ས་གནས་གང་གང་ནས་ཡིན་དྲིས་པར་ཁོང་གིས། སྤྱིར་ལས་འགུལ་འདིའི་ནང་ས་གནས་མི་འདྲ་བ་མང་པོ་ནས་འཛུལ་ཞུགས་བྱེད་མཁན་ཧ་ཅང་མང་པོ་བྱུང་སོང་ན་ཡང་། ང་ཚོའི་ངོས་ནས་མི་གྲངས་ ༣༠ ཚོད་འཛིན་བྱས་ཡོད་སྟབས་མཐའ་མར་སྦག་སྦག་སྐོར་སྐྱོད་ལས་འགུལ་བ་མི་གྲངས་ ༣༠ བདམས་ཡོད་པ་དང་། འཛུལ་ཞུགས་བྱེད་མཁན་ཁྲོད་ས་གནས་ཨ་རི་དང་དྷ་ས། ལྡེ་ར་རྡུན་བདེ་སྐྱིད་གླིང་སོགས་ཁྱོན་ས་གནས་མི་འདྲ་བ་ ༥ ཞིག་ནས་ཡོད་པ་དང་། ང་ཚོས་འཛུལ་ཞུགས་མཁན་ཚོའི་སྦག་སྦག་ཨང་གྲངས་དེ་ཡང་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལོ་དང་བསྟུན་ནས་བསྒྲིགས་ཡོད་པ་རེད། གཙོ་བོ་ཐེངས་འདིའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་ལ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ང་རང་ཚོའི་༧པཎ་ཆེན་བླ་མ་ཡིན་པ་དང་། གཉིས་པ་དེ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་དང་ཁོང་ཉིད་གང་དུ་སྐུ་འཚོ་བཞུགས་བྱས་ཡོད་པ་ངེས་ཐུབ་པའི་ཐོབ་ཐང་ང་ཚོར་སྤྲོད་དགོས་པ་དང་། གལ་ཏེ་མ་སྤྲད་པ་ཡིན་ན་ང་ཚོས་དུས་ནམ་ཡང་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་གི་མིན་ཞེས་པའི་བརྡ་ལན་དེ་གསལ་བོ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་སྦག་སྦག་ལས་འགུལ་བ་ཚོར་ཁ་བཏགས་བསྒྲོན་པ་དང་མཉམ་པར་བརྒྱབས་ཚར་རྗེས། གཙུག་ལག་ཁང་གི་རྒྱལ་སྒོ་ནས་བུད་དེ་མེག་ལོར་ཁྲོམ་གཞུང་དུ་སྐོར་བ་ཞིག་བརྒྱབས་ཏེ། བཞུགས་སྒར་དྷ་རམ་ས་ལར་དཔྱིད་ཀྱི་དཔལ་མོའི་མཛེས་སྡུག་ཡོངས་སུ་བཞད་ཅིང་། དྲོད་ལམ་ལམ་གྱི་ཞོགས་པའི་ཉི་འོད་དང་། དལ་གྱིས་ལྡིང་བའི་བསིལ་རླུང་། རེ་བས་ཁེངས་བའི་མི་ཚོགས་ཤིག་གི་སྐྱེལ་མའི་ཁྲོད་ལམ་ལ་ཆས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༢༣

Leave a Reply