ཀེམ་དང་པུ་ཊིན་གཉིས་ཐུག་འཆར་འདུག

བྱང་ཀོ་རི་ཡ་དང་ཨ་རི་གཉིས་ཀྱི་འབྲེལ་བ་ཉམས་ཀྱི་ཡོད་པའི་སྐབས་དང་བསྟུན་ཀེམ་ཇོང་ཨན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་གང་མགྱོགས་ཐུག་འཆར་ཡོད་སྐོར་བསྒྲགས་འདུགབྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཨུ་རུ་སུའི་ཝི་དྷི་ཝོ་སི་ཊོག་(Vladivostok) གྲོང་ཁྱེར་དུ་ཐུག་འཆར་ཡོད་འདུག་ལ། དེ་རིང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་(KCNA)གིས་དེའི་སྐོར་ལ་ཚིག་གྲུབ་ཐུང་ཐུང་གཉིས་ཡོངས་བསྒྲགས་བྱས་པའི་ནང་། གཙོ་འཛིན་ཀེམ་ཇོང་ཨན་མགྱོགས་པོར་ཨུ་རུ་སུར་འགྲོ་རྒྱུ་དང་། ཀེམ་ཇོང་ཨན་དང་པུ་ཊིན་གཉིས་ཀྱིས་གྲོས་མོལ་བྱ་རྒྱུ་རེད། ཅེས་བརྗོད་འདུག་ལ། ད་ལན་གྱི་ཐུག་འཕྲད་དེ་ནི་བྱང་ཀོ་རི་ཡའི་མགོ་འཁྲིད་ཅིག་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཐུག་འཕྲད་བྱས་པ་ཐེངས་ ༤ པ་དང་། ཀེམ་ཇོང་ཨན་དང་པུ་ཊིན་གཉིས་ཀྱི་ཐོག་མའི་ཐུག་འཕྲད་དེ་ཆགས་ཀྱི་ཡོད་འདུག

བྱང་ཀོ་རི་ཡ་གཞུང་ནས་ཚེས་གྲངས་ཁ་གསལ་བསྒྲགས་མེད་ཀྱང་། ཉི་ཧོང་དུས་བབ་ཀྱིས་བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་ཀྱི་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སང་ཉིན་ཕྱི་ཚེས་ ༢༤ དང་ ༢༥ ཉིན་དངོས་སུ་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་དང་། དེ་བཞིན་ཨུ་རུ་སུ་གསར་ཁང་(Russian News Agency)གིས་དེ་རིང་ཕྱི་ཚེས་ ༢༣ དང་སང་ཉིན་གཉིས་ལ་ཀེམ་ཇོང་ཨན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་གྲོང་ཁྱེར་རཱ་ཇིན་ནང་འབྱོར་ཏེ། ཕྱི་ཚེས་ ༢༥ ཉིན་དངོས་སུ་མགོ་འཁྲིད་གཉིས་བར་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་(ABC)གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་མགོ་འཁྲིད་ཐུག་འཕྲད་ཀྱི་དམིགས་ཡུལ་ནི་ཨུ་རུ་སུ་ཐོན་ཁུངས་དཀོན་པོ་ཡིན་སྟབས། བྱང་ཀོ་རི་ཡའི་རང་བྱུང་ལྕགས་རིགས་སོགས་སྔར་ལྷག་ནང་འདྲེན་བྱེད་འདོད་ཡོད་པ་དང་། བྱང་ཀོ་རི་ཡས་ཨུ་རུ་སུའི་གློག་རིགས་མཁོ་སྤྲོད་སོགས་ལ་རེ་བ་བརྒྱབ་སྟེ། ཉམ་ཆག་ཏུ་འགྲོ་བཞིན་པའི་ཀོ་རི་ཡ་རྒྱལ་ཁབ་ཀྱི་མེ་འཁོར་ལྕགས་ལམ་དང་འཛུགས་སྐྲུན་སོགས་འཕྲུལ་རིགས་བཟོ་གྲྭ་ཁག་ཡར་རྒྱས་གཏོང་འདོད་ཡོད་སྐོར་བརྗོད་འདུག

ཡང་བྷི་བྷི་སི་གསར་ཁང་དང་ཡུ་རོབ་རང་དབང་རླུང་འཕྲིན་ཁང་(Radio Free Europe)སོགས་ཀྱི་གནས་ཚུལ་ནང་། ཉེ་སྔོན་ཕྱི་ཟླ་ ༢ པའི་ནང་ཊོམ་ཕུ་དང་ཀེམ་ཇོང་ཨན་གྱི་གྲོས་མོལ་ཐེངས་གཉིས་པའི་སྐབས་ཕྱོགས་གཉིས་པར་འགལ་ཟླ་བྱུང་སྟེ།  ཕྱི་ཟླ་ ༣ པའི་ནང་ཨ་རིས་བྱང་ཀོ་རི་ཡར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལས་བརྒལ་བའི་ཉེས་མིང་འོག་ཉེས་ཆད་གསར་པ་བཅད་པ་དང་། བྱང་ཀོ་རི་ཡས་རབ་འབྲིང་མཐའ་གསུམ་གྱི་གོ་མཚོན་ཚོད་ལྟ་བསྐྱར་སྤེལ་བྱེད་བཞིན་ཡོད་པས།  ཨུ་རུ་སུས་སོ་སོའི་མཐུན་གྲོགས་རྒྱལ་ཁབ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ད་རེས་ཐུག་འཕྲད་བྱས་ཏེ། ཨ་རི་དང་བྱང་ཀོ་རི་ཡའི་མགོ་འཁྲིད་གཉིས་བར་བསྐྱར་དུ་གྲོས་མོལ་ཡོང་བར་རེ་བ་རྒྱག་གི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་གཞན་ནས་རྒྱལ་ཚོགས་ཀྱི་ཁྲིམས་དང་འགལ་ཏེ་བྱང་ཀོ་རི་ཡར་རོགས་སྐྱོར་མི་ཆོག་པར་ཧ་ཅང་ཁེར་རྐྱང་དུ་འཕུད་ཡོད་སྐབས། ཡུན་རིང་གི་སོ་སོའི་མཐུན་གྲོགས་རྒྱལ་ཁབ་ཨུ་རུ་སུ་དང་རྒྱལ་འབྲེལ་གྱིས། ཆབ་སྲིད་ཐོག་ནས་ཨ་རིར་བྱང་ཀོ་རི་ཡ་ཁེར་རྐྱང་མིན་པའི་བརྡ་ལན་སྤྲོད་ཐབས་བྱེད་བཞིན་ཡོད་པ་མ་ཟད། ལྡོག་ཕྱོགས་ནས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་གྲོས་མོལ་སླར་ཡང་འབྲེལ་མཐུད་ཡོང་བར་རེ་བ་རྒྱག་གི་ཡོད་སྐོར་སོགས་བརྗོད་འདུག

ཀོ་རི་ཡའི་དམག་འཁྲུག་ཆེན་མོའི་སྐབས། ཨུ་རུ་སུ་དང་རྒྱ་ནག་གིས་བྱང་ཀོ་རི་ཡར་དཔུང་རོགས་བྱས་ཡོད་པ་དང་། ཕྱིས་སུ་ཨུ་རུ་སུ་དང་རྒྱ་ནག་བར་བྱང་ཀོ་རི་ཡའི་ནང་དབང་ཤུགས་སྤེལ་བར་ཕན་ཚུན་འགྲན་རྩོད་བྱུང་བ་དང་།  ཕྱི་ལོ་ ༡༩༥༦ ནས་ ༡༩༦༦ བར་རྒྱ་ནག་དང་ཨུ་རུ་སུ་བར་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ལྟ་གྲུབ་ཐོག་མི་མཐུན་པ་བྱུང་སྟེ། ལོ་ ༡༠ རིང་རྒྱལ་འབྲེལ་མཚམས་འཇོག་བྱས་ཡོད་ཀྱང་།  བྱང་ཀོ་རི་ཡས་ཨུ་རུ་སུ་དང་རྒྱ་ནག་ལ་ཕྱོགས་སུ་མ་ལྷུང་བའི་འབྲེལ་ལམ་དམ་པོ་བཟུང་ནས་བསྡད་ཡོད་སྟབས། ཕྱི་ལོ་ ༢༠༠༠ ལོར་པུ་ཊིན་ཨུ་རུ་སུའི་སྲིད་བློན་ནས་སྲིད་འཛིན་ཆགས་སྐབས། བྱང་ཀོ་རི་ཡའི་སྲིད་འཛིན་ཟུར་པ། ཀེམ་ཇོང་ཨན་གྱི་ཕ་རྒན་ཀེམ་ཇོང་ཨིལ་དང་ཐོག་མར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་བཙུགས་ཡོད་པ་དང་། དེ་ནི་ལོ་རྒྱུས་ནང་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཐུག་འཕྲད་བྱས་པ་ཐོག་མ་དང་། ཀེམ་ཇོང་ཨིལ་ཕྱི་ལོ་ ༢༠༠༡ དང་ ༢༠༠༢ ། དེ་བཞིན། ཕྱི་ལོ་ ༢༠༡༡ བཅས་ཨུ་རུ་སུར་ཐེངས་ ༣ རིང་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༢༣

Leave a Reply