ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པའི་ཐོག་བསམ་འཆར་སྙིང་བསྡུས་ ༧༨ བྱུང་ཡོད་འདུག

དེ་རིང་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པ་གསུམ་གྱི་ཐོག་ཁྱོན་བརྗོད་གཞི་ཆེན་པོ་ ༡༢ ཡི་ཐོག་བགྲོ་གླེང་གནང་བ་དང་བསམ་འཆར་སྙིང་བསྡུས་ཁྱོན་ ༧༨ བྱུང་ཡོད་སྐོར་ཡོངས་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་བཅུའི་འཆར་སྣང་ཐོག་ཚོགས་འདུ་རིམ་པ་ ༣ ཚོགས་ཏེ། ཚོགས་འདུ་རེར་བརྗོད་གཞི་མི་འདྲ་བ་ ༤ རེ་དང་། ལྔ་དང་ལྔ་བཅུའི་ཚོགས་འདུར་ཁྱོན་བརྗོད་གཞི་ ༡༢ བྱུང་ཡོད་པ་རྣམས་གྲོས་ཚོགས་ནང་ཕུལ་ཟིན་ཡོད་ནའང་། མང་ཚོགས་ནང་ཡིག་ཐོག་ནས་ཕུལ་བ་ཡིན་ན་མ་འོངས་པར་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐོར་ལ་བསམ་ཚུལ་བརྗེ་རེས་དང་། ཚོགས་འདུའི་ཐོག་དགོངས་འཆར་འབུལ་བར་ཁྱད་པར་ཡོང་གི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་ལྷན་ཚོགས་སྐོང་དགོས་དོན་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གཞི་རྩའི་ཕྱི་ཟླ་ ༣ པའི་ནང་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཐོག་ཚོགས་འདུ་རིམ་པ་ ༣ ཚོགས་ཡོད་པ་དང་། དེ་དག་གི་བརྗོད་གཞི་ག་རེ་ཡིན་མིན་ངས་བཀླགས་ནས་འགྲེལ་བཤད་བརྒྱབས་ཟིན་པ་ཡིན་དུས་མང་པོ་ཞིག་གིས་ཐོས་ཡོད་རྒྱུ་རེད་དེ། ཡིན་ནའང་དཔལ་འབྱོར་ལས་ཁུངས་ཀྱི་ཤེས་ཡོན་དང་རིག་གཞུང་། འཕྲོད་བསྟེན། དེ་བཞིན། དཔལ་འབྱོར་བཅས་ཀྱི་བརྗོད་གཞི་ཡོད་པའི་ཐོག ནམ་རྒྱུན་དཔལ་འབྱོར་ལས་ཁུངས་བསྲི་ཚགས་བྱེད་ཀྱི་ཡོད་དུས། ལྔ་དང་ལྔ་བཅུའི་སྐབས་ཀྱི་མི་མང་གི་དགོངས་ཚུལ་ཕེབས་བཞག་པ་དེ་ཚོ་གྲོས་ཚོགས་ཀྱི་མདུན་ཅོག་སྒང་ཕུལ་གྲུབ་པ་ཡིན། ཡིན་ནའང་། ང་ཚོས་ཡིག་ཐོག་རང་ནས་ཕུལ་ཡོད་དུས་མི་མང་ནང་བརྗོད་གཞི་ག་རེ་ག་རེ་རེད་ཅེས་དགོངས་ཚུལ་འབྱུང་གི་ཡོད་སྟབས། ཚོགས་བཅར་བའི་དགོངས་ཚུལ་གང་དག་ཡིན་པ་མར་བཀྲམ་ཐུབ་པ་ཡིན་ན། དམིགས་བསལ་ཚོགས་ཆེན་དེའི་ནང་བརྗོད་གཞི་གཙོ་བོ་ཞིག་ལྔ་དང་ལྔ་བཅུ་ཡིན་དུས། མི་མང་ནང་ཁུལ་དུ་བསམ་ཚུལ་བརྗེ་ལེན་བྱེད་དུ་བཅུག་སྟེ་ཚོགས་འདུའི་ཐོག་དགོངས་འཆར་ཕུལ་བར་ཁྱད་པར་བཟོ་ཡི་འདུག་ཅེས་བསམ་ཚུལ་ཡོང་གི་འདུག ཅེས་གསུངས་སོང་།

དབུ་མའི་ལམ་གཞིར་བཞག་ཐོག་ལྔ་དང་ལྔ་བཅུའི་ཆབ་སྲིད་ཚོགས་འདུ་ཚོགས་ཏེ་བོད་ལ་རང་སྲིད་རང་སྐྱོང་ཇི་ལྟར་རག་ཐབས་སུ་ཤུགས་རྒྱག་གི་ཡོད་སྐོར་ལ་ཁོང་གིས། གཞི་རྩའི་ངས་ལྔ་དང་ལྔ་བཅུ་ག་རེ་ཡིན་པའི་སྐོར་ལ་ཞིབ་ཕྲ་ཞུ་མ་དགོས་པར་གཙོ་བོ་དེ། ལོ་ལྔ་དང་ལོ་ལྔ་བཅུའི་ནང་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ག་འདྲ་བྱས་ནས་རག་ཐུབ་ཀྱི་རེད་ཅེས་པ་དེ་རེད། ཕུགས་སུ་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་འདུག་ཟེར་བ་དེ་རེད། གཙོ་ཆེ་ཤོས་དེ་འཕྲལ་དང་ཕུགས་ལ་༧གོང་ས་མཆོག་བཞུགས་པའི་སྐབས་དང་མ་བཞུགས་པའི་སྐབས་ཟེར་བ་དེ་རེད། མཉམ་དུ་ལོ་ལྔའི་ནང་ང་རང་ཚོས་འབད་བརྩོན་བྱས་ནས་དབུ་མའི་ལམ་གཞིར་བཞག་པའི་ཐོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རག་པ་ཡིན་ན་ང་ཚོའི་རྒྱལ་ཁ་རེད། དེ་བཞིན། བོད་མིའི་སྒྲིག་འཛུགས་དང་ང་ཚོའི་རྩ་དོན་ལོ་ ༥༠ རིང་གནས་ཐུབ་པ་དང་། དེའི་ནུས་སྟོབས་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། ལོ་ ༥༠ ནང་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ཡིན་ཡིན་པ་རེད། འགྱུར་བ་ཕྱིན་པ་ཡིན་ན་བོད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་ཡི་རེད་ལ། མིང་དོན་མཚུངས་པའི་རང་སྐྱོང་རག་གི་རེད། ཅེས་གསུངས་སོང་།

གསར་འགོད་ལྷན་ཚོགས་ཐོག་ལྔ་དང་ལྔ་བཅུའི་ཚོགས་འདུ་རིམ་པ་ ༣ གྱི་བསམ་ཚུལ་དང་བརྗོད་གཞི་ཁག་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བ་ལྟར་ན། འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབས་གནང་ཕྱོགས་ཀྱི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དོན་ཕན་ལྡན་པའི་འབྲེལ་ལམ་དང་ཞི་མོལ་ཡོང་ཐབས་དང་། བོད་དང་རྒྱ་གར་གཙོས་ཨེ་ཤི་ཡ་བར་གྱི་འབྲེལ་བ། རྒྱལ་སྤྱིའི་འབྲེལ་ལམ་དང་། དྲིལ་བསྒྲགས། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བོད་མིའི་སྒྲིག་འཛུགས་ནས་འགོ་ཁྲིད་གནང་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་དང་། ཁྱོན་རྒྱབ་གཉེར་བསམ་འཆར་སྙིང་བསྡུས་གྲངས་ ༤༤ བྱུང། དེ་བཞིན། གཞོན་སྐྱེས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐོག་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ། ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་། དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། དེ་བཞིན་བོད་མིའི་རང་དབང་འཐབ་བརྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ཡིག་ངག་གཉིས་ཐོག་འབྲེལ་ལམ། ཞུ་གཏུག་དང་། རྒྱལ་སྤྱིའི་འབྲེལ་ལམ། ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང་། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས་དང་། ནུས་པ་མཉམ་སྤུངས་བྱེད་ཐབས་སྐོར་ཡིན་པ་དང་། སྐབས་དེར་རྒྱབ་གཉེར་བསམ་འཆར་ ༣༤ བྱུང་། གཞན།  བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཞེས་པའི་ཚོགས་འདུའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་གནད་དོན། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་བཅས་ཀྱི་ཐོག་ནང་གསེས་ཀྱི་བརྗོད་གཞི་ ༢༠ ཐོག་བགྲོ་གླེང་གནང་ཡོད་འདུག

དྲི་བ་དྲིས་ལན་གྱི་སྐབས་སུ་གསར་འགོད་པ་ཞིག་གིས་དེང་སང་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ལས་མེད་འཁྱམ་བསྡད་པ་དང་། དེ་བཞིན་དྷ་ས་དང་ལྡི་ལི་སོགས་སུ་སྨད་འཚོང་མ་དང་ཐ་མག་ཉལ་ཐ་རིགས་སྤྱོད་མཁན་སོགས་བྱུང་གི་ཡོད་པ་གོ་ཐོས་ཡོང་གི་ཡོད་པ་དང་། ཁོ་ཚོའི་སྐད་ཆ་དང་བསམ་ཚུལ་ལྔ་དང་ལྔ་བཅུའི་ནང་དུ་ཡོང་ཐུབ་ཀྱི་མེད་པ་མ་ཟད་ཆ་ཤས་ཙམ་ཡང་ལེན་ཐུབ་ཀྱི་མེད་སྟབས། བཀའ་ཤག་ངོས་ནས་ཁོ་ཚོའི་ཆེད་དུ་དགོངས་པ་ག་རེ་བཞེས་ཀྱི་ཡོད་དམ་ཞེས་དྲིས་པར་སྲིད་སྐྱོང་མཆོག་གིས། དྷ་ས་དང་ལྡི་ལི་སོགས་སུ་སྨད་འཚོང་མ་དང་ཐ་མག་ཆང་རག་རིགས་སྤྱོད་མཁན་ཡོང་གི་ཡོད་པ་རེད་ཟེར་བ་ལྟར། དེ་ལྟར་ཡོད་པ་རེད་ལ་ཡོད་པ་ཤེས་ཀྱི་ཡོད་པ་མ་ཟད། དེ་སྔ་ནང་སྲིད་བཀའ་བློན་སོང་ནས་དེ་དག་དང་མཉམ་དུ་དངོས་སུ་ཐུགས་འཕྲད་བྱས་ཏེ། ལྡི་ལི་དང་དྷ་ས་སོགས་སུ་ཁོ་ཚོ་བསྐོངས་ནས་དེ་འདྲའི་རིགས་མ་བྱེད་དང་། ང་ཚོའི་ངོས་ནས་ཁྱེད་རང་ཚོར་ག་རེ་བྱེད་ཐུབ་པ་འདུག བུ་ལོན་གཡར་ནས་ཚོང་བརྒྱབ་བཅུག་ཐུབ་པ་རེད་དམ། སློབ་སྦྱོང་བྱེད་དུ་འགྲོ་ན་ང་ཚོས་ཁྱེད་རང་ཚོར་སློབ་ཡོན་སྤྲོད་ཀྱི་ཡིན་ཞེས་དངོས་སུ་སྐད་ཆ་བཤད་ཡོད་པ་རེད། ཡིན་ན་ཡང་འགའ་ཤས་ཤིག་ཐུག་འཕྲད་བྱེད་དུ་ཡང་ཡོང་གི་མི་འདུག ཁ་ཤས་ཀྱིས་ལས་ཀ་དེ་རིགས་ལས་ཀྱི་མེད་ཅེས་བཤད་བཞིན་ཡོད་པ་དང་། འགའ་ཤས་ཀྱིས་ཡིན་ཞེས་བཤད་བཞིན་ཡོད་པ་དང་རོགས་པ་བྱེད་ཐུབ་ས་ཁག་ལ་ང་ཚོའི་ངོས་ནས་མཐུན་རྐྱེན་སྦྱར་ནས་རོགས་རམ་བྱེད་ཀྱི་ཡོད་པ་རེད། རོགས་པ་བྱེད་མི་དགོས་ཟེར་མཁན་ཚོར་ང་ཚོས་གང་ཡང་བྱེད་ཐུབ་པ་ཡོད་པ་མ་རེད།  དེ་དག་ཚང་མ་ལ་དེ་སྔ་བཀའ་བློན་རང་དངོས་སུ་ཕེབས་ནས་ཐུགས་འཕྲད་བྱས་པ་མ་ཟད་ད་ལྟ་ཡིན་ན་ཡང་ས་གནས་ས་ཐོག་ཏུ་ཡོད་པ་ཚོར་རོགས་རམ་བྱེད་ཀྱི་ཡོད་པ་རེད། སྤྱིར་ན་སྤྱི་ཚོགས་ནང་དུ་བརྒྱ་ཆ་འགའ་ཤས་ཤིག་བཅོས་ཐབས་མེད་པ་ཞིག་ཡོང་གི་ཡོད་པ་རེད། ཆང་རག་དང་ཉལ་ཐ་སྤྱོད་མཁན་སོགས་ཡོང་གི་ཡོད་པ་རེད། དེ་དག་ལ་ནམ་རྒྱུན་ང་ཚོས་དེ་འདྲའི་རིགས་ཡོད་པ་ཡིན་ན་ཤོག་དང་། ང་ཚོར་ལྟ་སྐྱོང་བྱེད་ས་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ངོས་ནས་འགྲོ་སོང་གཏོང་གི་ཡིན་ལ། ཕར་སླེབས་མཁན་ཚོར་རྒྱུན་སྤྱོད་དངུལ་དང་མཐུན་རྐྱེན་དགོས་མཁན་ཚོར་སྤྲོད་ཀྱི་ཡིན་ཞེས་བཤད་བསྡད་ཡོད། ཡིན་ན་ཡང་། གོང་དུ་བཤད་པ་བཞིན་སྤྱི་ཚོགས་ཁྲོད་བརྒྱ་ཆ་ཁ་ཤས་བཅོས་ཐབས་མེད་པ་ཡོང་གི་ཡོད་པ་རེད། ང་ཚོའི་ངོས་ནས་གང་ཐུབ་བྱེད་བཞིན་ཡོད་ན་ཡང་ཐབས་ཤེས་མེད་པ་དེ་མེད་པ་རང་རེད། ཅེས་གསུངས་སོང་།

ཡང་གསར་འགོད་པ་ཞིག་གིས་བོད་རྒྱ་འབྲེལ་མོལ་ཆེད་ད་ལྟ་གཞུང་འབྲེལ་གྱི་སྐུ་ཚབ་ཡོད་མེད་དང་། ཉེ་ཆར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཡོད་པའི་གནས་ཚུལ་ཞིག་བྱུང་ཡོད་པ། བོད་མིའི་སྒྲིག་འཛུགས་ལ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཡོད་གསུང་གི་ཡོད་པས། སྐུ་ཚབ་དེ་ཟམ་གདོང་རིན་པོ་ཆེ་ཡིན་མིན་སྐོར་དྲིས་པར་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་གི་ཆབ་སྲིད་ཚོགས་འདུའི་སྐབས། ཚོགས་བཅར་བ་ཚོར་ད་ལྟའི་ཆར་སྐུ་ཚབ་མིང་འཛུགས་མ་གནང་བ་དང་ཅིའི་ཕྱིར་མ་བསྐོས་པ་དེ་གསལ་པོ་ཞེ་དྲག་བྱུང་ཚར་བ་རེད། དེ་ལ་སྲིད་སྐྱོང་དང་བཀའ་ཤག་གིས་མ་བསྐོས་པ་དེ་འདྲ་མ་རེད། དགོས་པ་རྒྱུ་མཚན་ལ་བརྟེན་ནས་མ་བསྐོས་པ་རེད། དེ་གསལ་པོ་ཞེ་དྲག་ཆགས་ཚར་བ་རེད། ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་སྨྲས་ཀྱི་བཀའ་འདྲི་གནང་ཡོད་པ་དང་། དེ་ལ་རིན་པོ་ཆེ་མཆོག་གིས་ཡིག་ཐོག་ནས་ལན་གནང་སྟེ། རྩོད་གཞི་དེ་ཁོང་སྒེར་གྱི་དོན་ཡིན་གསུངས་ཡོད་པ་ལས་ཕེབས་ཡོད་མེད་གསུངས་མེད་པ་བཞིན། གང་གསུངས་ཡོད་པ་དེ་ག་རང་དུ་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་སོང་།

ཡང་གསར་འགོད་པས་སྲིད་སྐྱོང་མཆོག་ནས་སྐུ་ཚབ་གཏང་ཆོག་ཆོག་ཡིན་གསུང་གི་ཡོད་པས་གཏང་ཆོག་ཆོག་ཅིག་ཅི་ལྟར་ཡོང་གི་ཡོད་མེད་དྲིས་པར། རྒྱ་ནག་གཞུང་གིས་ཤོག་ལབ་དུས་ཐག་སེ་ཐོན་ཡོང་གི་རེད། སྤྱིར་ཐབས་བྱུས་རེད། ཁ་ཤས་ལ་སྐུ་ཚབ་བསྐོས་ནས་འབད་བརྩོན་དང་ཡང་མ་བསྐོས་ནས་འབད་བརྩོན་བྱེད་རྒྱུ་ཡོད་པ་རེད། སྐད་ཆ་ཚང་མ་རྒྱབ་ལོག་ནས་བྱུང་སྟེ་ཐག་ཆོད་ཚར་ན་སྐུ་ཚབ་ནི་ཅི་ཡིན་ལན་སྤྲོད་མཁན་དེ་ཆགས་ཡོད་པ་རེད། འདིའི་ཕྱོགས་ཀྱི་ལན་ཕར་འཁྱེར་བ་དང་ཕར་ཕྱོགས་ཀྱི་ལན་ཚུར་བསྐྱེལ་རྒྱུ་དེ་རེད། སྐུ་ཚབ་བསྐོས་ནས་གནད་དོན་མང་པོ་ཐག་གཅོད་རྒྱུ་ཡོད་པ་རེད་ལ། སྐུ་ཚབ་མ་བསྐོས་ནས་ཀྱང་གནད་དོན་མང་པོ་ཐག་གཅོད་བྱ་རྒྱུ་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༤/༢༤

Leave a Reply