༧པཎ་ཆེན་ཡང་སྲིད་ཐད་རྒྱ་གཞུང་ལ་ངོ་རྒོལ། (བསྐྱར་འགོད)

བོད་ཀྱི་དུས་བབ་ཚགས་པར་སྤྱིའི་འདོན་ཐེངས་དང་པོ་ཕྱི་ལོ་ ༡༩༩༦།༩།༡༥ ཡི་ཐོག་བཀོད་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་རྗེས་བོད་མི་ཚོས་ངོ་རྒོལ་རིམ་པ་གནང་བར་དྲག་གནོན་བྱས་པའི་གནས་ཚུལ་ཞིག་བསྐྱར་འགོད་བྱས་ཡོད། 

སྐུ་འབུམ་དགོན་པར་སློབ་གྲྭའི་སྒོ་བརྒྱབ། གྲྭ་བ་རྣམས་བཟུང་། དུས་དེབ་བཀག
དེང་རྒྱ་དམར་གཞུང་གིས་སྐུ་མདུན་སྐུ་དཔར་ཕྱིར་བསྡུ་བྱེད་ཞོར་དེའི་ཚབ་ཏུ་དགོན་པ་སོ་སོར་རྒྱ་གཞུང་གིས་བསྐོས་པའི་པཎ་ཆེན་གྱི་སྐུ་དཔར་སྤུས་ལེགས་ཧ་ཅང་ཆེན་པོ་གཉིས་རེ་དཔར་སྒྲོམ་སྙིང་རྗེ་བོའི་ནང་བཅུག་སྟེ་རིན་མེད་དུ་སྤྲད་ནས། གཅིག་དགོན་པའི་ཚོགས་ཁང་ནང་དང་གཞན་དེ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནང་བཤམ་དུ་འཇུག་གི་ཡོད་པ་མ་ཟད། ས་ཁུལ་སོ་སོར་བུ་གུ་དེ་ཁྲིད་ནས་མང་ཚོགས་ལ་ཆོས་མཇལ་བྱེད་དུ་འཇུག་འཆར་ཡོད་འདུ་པར་མི་དམངས་ཀྱིས་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་འདུག

ཉེ་བའི་ཟླ་ཤས་སྔོན་སྐུ་འབུམ་དགོན་པར་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་སྦྱར་ཡིག་དང་འགྲེམས་ཡིག་ཁག་བཀྲམས་སྤེལ་བྱས་འདུག་པ་རྒྱ་དམར་གཞུང་ནས་ཤེས་རྟོགས་བྱུང་འཕྲལ་དེ་གར་ལྔ་རིག་སྐྱེད་ཚལ་གླིང་ཞེས་སློབ་གཉེར་ཁང་ཞིག་ཡོད་པ་སྒོ་བརྒྱབ་ཏུ་བཅུག་ཡོད་འདུག དགོན་པའི་གྲྭ་བ་ ༢༥ ལྷག་བདུན་ཕྲག་དྲུག་ཙམ་རིང་བཀག་ཉར་བྱས་འདུག་ཅིང་། གནས་ཚུལ་ཡོངས་ཁུངས་ཁག་ལ་གཞིགས་ན་སྒོ་བརྒྱབ་དགོས་པའི་བཙན་བཀའ་དེ་“མཚོ་སྔོན་ཞིང་ཆེན་སྲིད་གཞུང”དང་“ས་གནས་རྒྱལ་ཁབ་བདེ་འཇགས་ལྷན་ཁང”། “སྤྱིབདེ་ལྷན་ཁང་”བཅས་མཉམ་སྦྲེལ་ཐོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་ཁྱབ་བསྒྲགས་བྱས་ཡོད་འདུག སློབ་གྲྭ་སྒོ་རྒྱག་སྐབས་གྲྭ་བ་ ༢༠༠ ལྷག་གིས་སློབ་གཉེར་ཞུ་བཞིན་པའི་ཁོངས་ནས་རྒྱ་གཞུང་ལ་དེབ་སྐྱེལ་གནང་མེད་རིགས་ཕྱེད་ཙམ་ཡོད་པ་ཚང་མ་ཕྱིར་འབུད་བཏང་ཡོད་འདུག

ཕྱི་ཟླ་ ༤ པའི་ནང་གྲྭ་བ་ཞིག་སྨན་གཏུག་ཀྱི་རྐྱེན་པས་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག་པ་དྲན་ཤེས་བརྟན་པོ་མེད་པ་ཆགས་ཡོད་ཅིང་། དེ་ནི་ཉེན་རྟོག་པས་གོང་གསལ་སྦྱར་ཡིག་གི་སྐོར་ལ་འདྲི་བརྩད་བྱེད་རིང་གཅར་བརྡུང་བྱས་པ་ལས་བཟོས་པ་ཧ་ཅང་མངོན་གསལ་ཡིན་འདུག བཀག་ཉར་བྱས་པའི་གྲྭ་བ་གཞན་ ༢༠ ལྷག་ལ་སྔོན་ལོའི་རང་བཙན་སྦྱར་ཡིག་སོགས་དང་འབྲེལ་ཏེ་བདུན་ཕྲག་དྲུག་རིང་འདྲི་རྟོགས་ཚ་ཞིབ་ཀྱིས་རྗེས་སུ་གློད་འདུག་ནའང་། བཙོན་བཅུག་གི་གནས་ཚུལ་སུ་ལའང་བཤད་མི་ཆོག་ཅིང་ལྷག་པར་དུ་ཕྱི་རྒྱལ་པར་དེ་བས་ཀྱང་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བརྒྱབ་འདུག

གཞན་གྲྭ་བ་བཞི་ད་དུང་ཡང་རྒྱ་གཞུང་གི་དོ་དམ་འོག་ཡོད་ཅིང་། ས་ཆ་གང་ཞིག་ཏུ་གནས་སྟངས་ཇི་འདྲ་ཞིག་གི་འོག་འཚོ་བ་རོལ་བཞིན་པ་ནང་མི་དང་གྲོགས་པོ་ཉེ་རིང་སུས་ཀྱང་ཤེས་ཀྱི་མི་འདུག རྒྱ་གཞུང་གིས་བཀག་ཉར་མ་བྱས་སྔོན་ཁོང་ཚོ་བཞིས་“ཙོང་ལ་རིང་མོའི་དགོད་སྒྲ་”ཞེས་སྣུམ་དཔར་བརྒྱབ་པའི་རྩོམ་རིག་དུས་དེབ་ཤོག་གྲངས་ ༥༠ ལྷག་ཡོད་པ་ཞིག་འདོན་སྤེལ་བྱེད་ཀྱི་ཡོད་ཅིང་། རྒྱ་དམར་གཞུང་གིས་ཁོང་ཚོ་ནི་སྐུ་འབུམ་དགོན་པའི་བོད་སྐྱོབ་གཞོན་ནུ་ཚོགས་པ་ཞེས་དང་། གངས་རིའི་ཡུལ་གྱི་སེང་ཁྱུ་ཞེས་འཁོད་པའི་གོང་གསལ་སྦྱར་ཡིག་དང་འགྲེམས་ཡིག་ཁག་བཀྲམ་མཁན་དུ་ཉེས་འཛུགས་དང་སྐྱོན་འགེལ་བྱེད་ཀྱི་ཡོད་འདུག དེ་མཚུངས་སུ་ཁོང་ཚོའི་དུས་དེབ་དེའང་རྒྱ་གཞུང་གི་ཆོག་མཆན་ངོས་ལེན་ཡོད་བཞིན་དུ་དེ་མ་ཐག་གསར་བརྗེའི་ངོ་རྒོལ་ཏུ་བརྩིས་ནས་བཀག་སྡོམ་གྱིས་ངོ་བཤུས་ལྷག་མ་ཅི་ཡོད་ཕྱིར་བསྡུ་དང་དེ་མིན་མེད་པར་བཏང་ཡོད་འདུག

གོང་གསལ་སྦྱར་ཡིག་དང་འགྲེམས་ཡིག་དེ་དག་གི་ནང་༧གོང་མཆོག་གིས་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་བཀོད་འདུག་ཅིང་། ཊིན་ལ་འབྱོར་བའི་སྦྱར་ཡིག་ལག་བྲིས་ངོ་བཤུས་ཤིག་གི་ནང་རྒྱ་དམར་གཞུང་གིས་༧པཎ་ཆེན་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱས་པར་ཁ་བརྡུང་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་མཆོག་ཁྲི་འདོན་གནང་ཡུལ་རྗེ་སྐུ་འབུམ་བྱམས་པ་གླིང་དུ་རྒྱ་དམར་གྱིས་བསྐོས་པའི་པཎ་ཆེན་ཡང་སྲིད་དེ་རྩ་བ་ནས་ཁྲིད་ཡོང་མི་ཆོག་པའི་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་སྐོར་འཁོད་ཡོད་འདུག

ཉེས་འགེལ་བྱས་པའི་གྲྭ་བ་བཞི་ནི། དམ་ཆོས་རྒྱ་མཚོ་ལོ་ ༢༧ དང་། ཕ་ཡུལ་མཚོ་སྔོན་པོ་མང་ར་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྐབས་བལ་བོད་ས་མཚམས་ནས་རྒྱ་མིས་འཇུག་ཏེ་གཅར་བརྡུང་གིས་ཕྱིར་མངགས་ཡོད་འདུག

འཇིགས་མེད་བསྟན་དར་ལོ་ ༢༩ དང་ཕ་ཡུལ་དར་རྒྱ་རྡི་ཚ་ནས་ཡིན་ཞིང་། རྒྱ་ཡིག་ཤེས་ཚད་ཡག་པོ་ཡོད་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དང་རྡི་ཚ་དགོན་པར་སློབ་གཉེར་བྱས་མྱོང་པ་མ་ཟད། སྐུ་འབུམ་དུ་བོད་སྨན་དང་རྩོམ་རིག་སྐོར་སྦྱོང་གི་ཡོད་འདུག

དམ་ཆོས་སྐལ་ལྡན་ལོ་ ༣༡ དང་། ཕུན་ཚོགས་ལོ་ ༢༥ ཡིན་པ་དང་། ཁོང་གཉིས་ཀྱང་བ་ཡན་དར་རྒྱ་ནས་ཡིན་ཞིང་། དམ་ཆོས་ཀྱིས་སྐུ་འབུམ་དུ་གསོ་རིག་སློབ་གཉེར་དང་། ཕུན་ཚོགས་དགོན་པའི་བྱིངས་འདྲེན་བྱས་མྱོང་ཡོད་འདུག

ཡང་འདི་གར་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལ། ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༦ ཉིན་གྱི་མཚན་མོར་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་སྤྱི་དར་ཞང་མི་དམངས་སྲིད་གཞུང་གི་སྒོ་བྱང་བཅག་གཏོར་དང་། སྒོ་ཆེན་སྟེང་“བོད་རང་བཙན་ཡིན། རྒྱ་མིས་ཆེད་བཟོས་པའི་པཎ་ཆེན་ཡང་སྲིད་ངོས་ལེན་མེད། ༧གོང་ས་མཆོག་ནས་ངོས་འཛིན་གནང་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་དམངས་ཀྱིས་རྒྱ་མི་དང་འཐབ་རྩོད་བྱེད་མཚམས་ནམ་ཡང་འཇོག་གི་མིན་”ཞེས་འཁོད་པའི་སྦྱར་ཡིག་སྦྱར་ཡོད་འདུག དེའི་ཕྱི་ཉིན་རྒྱ་དམར་གྱིས་ལས་འགུལ་དེ་སྤེལ་མཁན་གྱི་གྲྭ་བ་གསུམ་འཇུ་བཟུང་བྱས་ཤིང་། ཁོང་ཚོ་དཔའ་ཤོད་གྲོང་གསར་དགོན་པའི་གྲྭ་བ་ཡིན་འདུག ཤེས་གསལ་ལྟར་ན། ཁོང་གསུམ་དེང་སྐབས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ཡོད་ཅིང་། དགུང་ལོ་ ༢༧ ཡིན་པ་བློ་བཟང་ཤེས་རབ་སྐྱ་མིང་ལ་བུ་སྐྱོབས་ལ་ཁྲིམས་ཆད་བཙོན་བཅུག་ལོ་ ༡༥ དང་། དགུང་ལོ་ ༢༠ ཅན་བློ་བཟང་ཚུལ་ཁྲིམས། སྐྱ་མིང་ཆོས་བཟང་ལ་ཁྲིམས་ཆད་བཙོན་བཅུག་ལོ་ ༡༤། དགུང་ལོ་ ༢༠ ཡིན་པ་བློ་བཟང་ཚེ་རིང་། སྐྱ་མིང་ཚེ་འཕེལ་ལ་ཁྲིམས་ཆད་ལོ་ ༡༤ བཅས་ཡིན་འདུག ཁོང་གསུམ་ཆའི་སྐྱེས་ཡུལ་ཁམས་དཔའ་ཤོད་རྫོང་སྤྱི་དར་ཞང་གྲོང་གསར་གྲོང་ཚོ་ཡིན་ཞིང་། ཕྱི་ལོ་ ༡༩༩༦ ལོའི་ཕྱི་ཟླ་ ༣ པའི་ནང་གྲོགས་པོ་ཞིག་བཙོན་ཁང་དུ་ཁོང་ཚོ་ལ་ཐུག་སྐལ་བྱུང་འདུག་པར། རྒྱ་མིས་ཉེས་བརྡུང་བཏང་སྟེ་བློ་བཟང་ཚེ་རིང་གི་ལག་གཡས་པ་ཞ་འཁུམ་ཆགས་ཡོད་འདུག

རྩོམ་སྒྲིག་པ། རབ་གསལ་དང་བསོད་ནམས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༤/༢༥

Leave a Reply