༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་སྐུ་ཕྲེང་ ༡༡ པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༧པཎ་ཆེན་ཡང་སྲིད་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བོད་གཞུང་མང་གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཁོང་མགྱོགས་མྱུར་ཀློད་གྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། ༧པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤྲི་ཨ་ཇེ་སིང་ (Shri Ajay Singh) མཆོག་དང༌། དམིགས་བསལ་སྐུ་མགྲོན་རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་སྲི་ཞུ་ལས་བྱེད་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་། སློབ་ཕྲུག་སོགས་མི་གྲངས་ ༢༠༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་མཇལ་དར་བསྒྲོན་རྗེས། སྐུ་མགོན་གཙོ་བོ་སྐུ་ཞབས་ཤྲི་ཨ་ཇེ་སི་སིན་ (Shri Ajay Singh) མཆོག་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་རབས་ (The Panchen Lama Lineage) ཅེས་པའི་དབྱིན་ཡིག་གི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བཟོས་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་བརྙན་ཐུང་གཉིས་དང་། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བྷི་བྷི་སི་གསར་ཁང་གིས་བཟོས་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐོར་གྱི་བརྙན་ཐུང་ཞིག་བཅས་བསྟན་གནང་སོང་།

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་ནས་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ། ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་ཆེན་པོ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༠ ཐམ་པར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་འཚམས་འདྲི་དང་སྦྲགས། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་དང་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ཐུན་མོང་གི་བསྒྲགས་ཡིག་ཅིག་སྒྲོགས་སྦྱང་གནང་བའི་ནང་། དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་འགྲོ་བའི་དོན་འབའ་ཞིག་གི་ཆེད་དུ་ཡིན་པ་བསྙོན་དུ་མེད་ཀྱང༌། བདག་ཅག་བསོད་ནམས་ཀྱི་ལས་མཐུ་དམན་པས་མགོན་པོ་གང་ཉིད་ལོ་ངོ་བཅུ་ཕྲག་གཉིས་ལྷག་ནག་ཕྱོགས་མུན་པའི་བཙོན་དུ་ལྷུང་ནས་ད་ལྟའང་གར་བཞུགས་གནས་སྟངས་ངོ་མ་སུས་ཀྱང་ཤེས་ཐབས་བྲལ་བའི་ཛ་དྲག་གི་གནས་སུ་གྱར་ཡོད་པ་འདི་ནི་རང་གཞན་འབྲེལ་ཆགས་ཡོངས་ཀྱི་ཧ་ཅང་གནོང་འགྱོད་དང་བློ་འཚབ་ཀྱི་ཡུལ་ལས་མ་འདས། ཅེས་དང་། རྒྱ་ནག་གཞུང་གིས་འབྱུང་འགྱུར་རྒྱལ་བའི་ཡང་སྲིད་བརྩད་འཚོལ་སྐོར་ལ་ད་ལྟ་ནས་ཧམ་སེམས་བཅིངས་ཏེ་དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་འདི་དག་གིས།  དོན་དངོས་ཐོག་ད་ལྟ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མིང་གྲགས་དང་ཁེ་ཕན་ལ་ཏན་ཏན་གནོད་ངེས་ཡིན་པ་དང་། ང་ཚོས་གཞུང་དྲང་དང་རང་དབང་གི་སྒོ་ནས་བདེན་དོན་རྩོད་རྒྱུར་ད་བར་འབད་བརྩོན་དང་ཡིད་ཆེས་བྱེད་བཞིན་ཡོད་པ་དང༌། ད་དུང་མུ་མཐུད་ཇི་སྲིད་བདེན་དོན་མ་གསལ་བར་དུ་དེ་སྲིད་བདེན་དོན་རྩོད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན། ཅེས་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་གིས། རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་སོགས་ཀྱི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་ཚོར་མགོ་སྐོར་རིམ་པ་གཏོང་གི་ཡོད་སྐོར་སོགས་གསུངས་རྗེས། ༧པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་འཛམ་གླིང་ཡོངས་ནང་གཟིགས་རྒྱུ་ཡོད་པ་ཞིག་དང་མཇལ་རྒྱུ་ཡོད་པ་ཞིག ༧པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་ནས་གསུངས་པ་བཞིན་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གྱི་འགན་གཙོ་བོ་དེ་ནང་པའི་ཆོས་ཀྱི་ཞབས་འདེགས་ཞུ་རྒྱུ། དགོན་པ་གྲྭ་ཚང་དང་མི་མང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་མགྱོགས་མྱུར་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ཅེས་གསུངས་སོང་།

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། དེ་རིང་༧ཀུན་གཟུགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་དང་ཞུ་བཞིན་པ་ཞིག་ཡིན་པ་དང་། ཐབས་སྐྱོ་བ་ཞིག་ལ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་རྒྱ་ནག་གི་བཙོན་འོག་ལ་ཚུད་ནས་ལོ་ངོ་ ༢༤ ཕྱིན་ཏེ་ད་ལྟའང་གར་ཡོད་གར་སོང་མི་ཤེས་པ་ཞིག་དང་ཚང་མ་ཡིད་སྐྱོ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། འབྲེལ་ཡོད་སློབ་འབངས་ཡོངས་དང་བོད་མི་མང་སྤྱི་ལ་གདུང་སེམས་མཉམ་སྐྱེད་དང་། ༧པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་རྒྱ་ནག་གི་བཙོན་འོག་ནས་མགྱོགས་ནས་མྱུར་དུ་བཙོན་གྲོལ་ཡོང་བ་ལ་ང་ཚོ་ཚང་མས་སྨོན་འདུན་དྲག་པོ་ཞུ་རྒྱུ་དང་། ལས་འགུལ་སོགས་སྔར་ལས་ཁྱབ་ཆེན་པོ་དང་སེམས་ཤུགས་མ་ཆགས་པའི་ངང་ནས་ལས་འགུལ་མུ་མཐུད་སྤེལ་བ་ཡིན་ན་བདེན་པ་ལ་མཐའ་གསལ་བ་ཞིག་དང་། བླ་སློབ་ཚང་མ་ཞལ་མཇལ་ཐུབ་པ་དང་རྒྱལ་བ་༧པཎ་ཆེན་རྣམ་གཉིས་ཞལ་མཇལ་ཐུབ་པ་ཞིག་ཡོང་གི་རེད་བསམ་པའི་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། ཅེས་དང་། ད་ལྟ་རྒྱ་ནག་གཞུང་གི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དེ་རྫུན་མ་ཡིན་སྟབས་ཕམ་ཉེས་ཕྱིན་ཡོད་པ་རེད་ལ། འཛམ་གླིང་ནང་རྒྱ་ནག་གཞུང་གིས་སྐྱག་རྫུན་བཤད་པ་གསལ་བོ་བསྟན་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་ཡང་སྤྲུལ་དེ་༧པཎ་ཆེན་སྐུ་གོང་མ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཆོག་གི་རེད་ཅེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་གནང་ཡོད་པ་རེད། ཁོང་ལ་ཡང་རིག་པ་རྣོ་བོ་ཡོད་པ་ཞིག་དང་རྒྱ་ཡིག་སོགས་སྦྱང་ནས་ཡག་པོ་ཡོད་པ་ཞིག་ཆགས་བསྡད་འདུག ཡིན་ན་ཡང་རྒྱ་ནག་གཞུང་གིས་ཁོ་རང་ཚོས་ངོས་འཛིན་བྱས་པའི་༧པཎ་ཆེན་དེ་༧པཎ་ཆེན་སྐུ་གོང་མའི་གདན་ས་བཀྲ་ཤིས་ལྷུན་པོ་ལ་འདུག་མ་བཅུག་པ་དང་། གསན་བསམ་སློབ་གཉེར་བྱེད་མ་བཅུག་པ་དེ་གང་ལ་ཐུག་ཡོད་པ་རེད། དངོས་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་ན་བླ་མ་ལ་བླ་མའི་བྱ་བ་བྱེད་དགོས་ན་ཡང་། རྒྱ་ནག་གཞུང་གིས་ཁོང་པེ་ཅིན་ལ་འཁྲིད་ནས་མཚམས་མཚམས་རེར་བོད་ལ་བཏང་སྟེ་བཀག་ནས་ཡོད་པ་རེད། དངོས་ནས་བཤད་ན་ཁོ་རང་ཡང་བོད་པ་ཞིག་ཡིན་དུས་རྒྱ་ནག་གཞུང་ཡིད་ཆེས་མེད་པ་རེད་ལ། བཟང་བཙོན་ལྟ་བུའི་འོག་ན་ཉར་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་ཡོངས་ཁྱབ་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། ༧པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་གི་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་བཀྲ་ཤིས་ལྷུན་དགོན་དུ་བསྩལ་བའི་གསུང་བཤད་མཐའ་མའི་ནང༌། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་ལོ་བཅུ་ཕྲག་གསུམ་གྱི་རིང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་དང་། བོད་ནང་འགྲིག་པའི་ལས་དོན་རེ་ཟུང་སྤེལ་ཡོད་རུང༌། ཚབས་ཆེའི་ནོར་འཁྲུལ་ཡང་མང་པོ་ཤོར་ཡོད། ཅེས་གསུངས་ནས་བོད་ནང་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་བཏང་བ་རྣམས་བསྐྱར་དུ་ཐེར་འདོན་གནང་ནས་ཉིན་བཞིའི་རྗེས་དེ། ཕྱི་ཚེས་ ༢༨ ཉིན། ༧པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གནས་སྟངས་ཡ་མཚན་པོ་ཞིག་འོག་གློ་བུར་དུ་སྐུ་གཤེགས་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་འབྲེལ་ཐོག་ནས་རིན་པོ་ཆེ་མཆོག་སྙིང་གི་ནད་གཞི་ཕོག་རྐྱེན་དགོངས་པ་རྫོགས་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་། དཔའ་མཛངས་སྙིང་སྟོབས་ཅན་གྱི་བླ་ཆེན་ཁོང་ལྟ་བུ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་ནས་ཉིན་ཤས་ལས་མ་སོང་བར་གློ་བུར་སྙིང་ནད་འོག་དགོངས་པ་རྫོགས་འདུག་ཟེར་སྐབས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ཅེས་གསུངས་སོང་།

ཡང་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གྱི་གནས་སྟངས་སྐོར་གསལ་བཤད་གང་ཡང་མ་བྱས་པ་དེས་བོད་མིའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་ལུགས་དང་ཉམས་ལེན་གལ་ཆེན་ཡིན་པ་ད་དུང་ཡང་ཁོ་པ་ཚོས་རྒྱུས་ལོན་བྱེད་ཐུབ་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཅེས་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་པར་བརྟེན།  གལ་ཏེ་དེ་དངོས་བདེན་ཡིན་ཚེ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་ཀློད་གྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤྲི་ཨ་ཇེ་སིང་ (Shri Ajay Singh) མཆོག་གིས། ༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བོད་ལ་ཆབ་དཔལ་རིག་གསུམ་ཐོག་མཛད་རྗེས་རླབས་ཆེན་བསྐྱངས་ཡོད་པ་དང་། ལྷག་པར་དུ་དེ་རིང་ང་ཚོས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད་དུས། ཁོང་གི་ཞལ་རས་ལ་བལྟས་པ་ཙམ་གྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་དྲང་བདེན་གྱི་ལྷག་སེམས་མངོན་ཡོང་གི་འདུག་ལ། ཁོང་ཧ་ཅང་དྲང་པོ་ཞིག་ཡིན་པ་དང་། སྐུ་ན་གཞོན་དུས་ནས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ། མཐར་དགོན་པ་ཞིག་ཏུ་ཆེས་ལྐོག་གྱུར་གྱི་གནས་སྟངས་ཤིག་གི་འོག་དགོངས་པ་རྫོགས་ཡོད། དེ་ནས་ད་ལྟ་ང་ཚོས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་ཡི་ཡོད་པ་རེད་དེ། ད་ལྟ་མི་སུ་གཅིག་གིས་ཀྱང་ཁོང་གང་དུ་འཚོ་བཞུགས་བྱེད་ཀྱི་ཡོད་མེད་ཤེས་ཐུབ་ཀྱི་མེད་པ་དང་། བོད་ཀྱི་གྲོགས་པོ་གྲོགས་མོ་རྣམ་པ་དང་ང་ཚོ་ཚང་མས་རེ་སྐུལ་ཞུ་བཞིན་ཡོད་ཀྱང་རྒྱ་ནག་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པ་མ་ཟད། འཛམ་གླིང་གིས་ཀྱང་ཅི་གང་ཡང་བྱེད་མི་ཐུབ་པ་ནི་གནས་སྟངས་ཁྱད་མཚར་པོ་ཞིག་རེད། རྒྱ་ནག་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་ཡིན་རུང་ཚང་མར་བསྔགས་བརྗོད་དང་གུས་ཞབས་འདོད་ཀྱི་ཡོད་པ་ནང་བཞིན་རྒྱ་ནག་ལ་གུས་ཞབས་དང་བསྔགས་བརྗོད་ག་འདྲ་ཞིག་དགོས་ཀྱི་ཡོད་མེད་མི་ཤེས་ཏེ། ཁོ་ཚོར་དེ་དགོས་ཀྱི་ཡོད་པས་ཐབས་ལམ་ཉག་གཅིག་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ཀློད་གྲོལ་གཏང་རྒྱུ་དེ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་ནག་མི་མང་ཡག་པོ་ཡོད་གསུང་པ་ནང་བཞིན་རྒྱ་ནག་ལ་རྒྱལ་ཁབ་གཞན་གྱི་གུས་ཞབས་དང་བསྔགས་བརྗོད། དགའ་མོས་བྱེད་དགོས་ཡོད་ན་བྱམས་དང་སྙིང་རྗེ་སྤེལ་རྒྱུ་གལ་ཆེན་ཡིན། ཞེས་གསུངས་སོང་།

གསུང་བཤད་རྣམས་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་མེག་གྷན་བོད་ཁྱིམ་ཉིན་སློབ། དྷ་ཤོད་བོད་ཁྱིམ་སློབ་གྲྭ་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་ནས་རྐྱང་གཞས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་ཞེས་པ་སོགས་གཞས་སྣ་གཟིགས་འབུལ་ཞུས་སོང་བ་དང་། གཙུག་ལག་ཁང་གི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་པར་རིས་འགྲེམས་སྟོན་བཅས་གནང་སོང་།

གཞན་ཡང་། དེ་རིང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཕེབས་ཡོད་འདུག ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བཀྲ་ཤིས་ལྷུན་པོ་དགོན་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཐུན་མོང་གི་ཐོག་ནས་༧པཎ་ཆེན་ཡང་སྲིད་མཆོག་མྱུར་ཏུ་ཀློད་གྲོལ་དགོས་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང་། དེ་རིང་ཕྱི་དྲོར་བཀྲ་ཤིས་ལྷུན་པོ་དགོན་དུ་མར་མེ་འབུམ་གཅིག་དང་ཁྲི་གསུམ་སྤར་གྱི་ཡོད་འདུག

༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ཕེབས་པའི་འཁྲུངས་སྐར་དང་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིན་དང་མཛད་སྒོ་ཆེ་ཆུང་རིགས་བསྡུ་བཞིན་ཡོད་པ་ལྟར།  ཕྱི་ཚེས་ ༢༤ ཉིན་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། ༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྔ་ནུར་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་།  མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ས་སྐྱའི་གདུང་སྲས་༧རྗེ་བཙུན་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཕེབས་ཡོད་པ་དང་།  ས་སྐྱའི་དགོན་སྡེ་ཁག་ནས་ཕེབས་པའི་སྐུ་ཚབ། གཞན་ཡང་བྷེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དང་མཐོ་སློབ་ཚོགས་པ་ཁག་གཙོ་ཚོགས་གཞོན་སོགས་ཕེབས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༤/༢༥

Leave a Reply